ཝང་ཅན་ཅུན་གྱིས་མགོ་ལོག་ཁུལ་གྱི་བྱ་བར་རྟོག་ཞིབ་བྱས།
2020.07.06 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 52

ཟླ་བདུན་པའི་ཚེས་གཉིས་ཉིན་ནས་ཚེས་གསུམ་ཉིན་བར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཅན་ཅུན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དུ་རྟོག་ཞིབ་བྱེད་པར་སོང་། ཁོས་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་། གཏན་འཇགས་དྲུག་གི་བྱ་བ་བཟང་བོར་བསྒྲུབ་པ། འགན་སྲུང་དྲུག་གི་ལས་འགན་ལག་བསྟར་བྱེད་པ། ཞིང་ཕྱུགས་ལས་འཕེལ་རྒྱས་ཀྱི་རྨང་གཞི་བརྟན་པོ་འདིང་བ། སྤུས་ཚད་མཐོན་པོས་དབུལ་ཐར་མཁྲེགས་གཏོར་གྱི་རྒྱལ་ཁ་ལེན་པ། ཚད་གཞི་མཐོ་བའི་ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཐད་ཀྱི་ཡར་ཞུ་གནད་དོན་དག་ཐེར་ལེགས་བཅོས་བྱས་ནས། ཧུར་ཐག་གིས་དུས་རབས་གསར་བའི་མགོ་ལོག་གསར་བ་འཛུགས་སྐྲུན་བྱེད་དགོས་ཟེར།

ཝང་ཅན་ཅུན་མགོ་ལོག་ཁུལ་དར་ལག་རྫོང་གནད་ཕིགས་དབུལ་སྐྱོར་ཉོ་ཚོང་གནས་སྐོར་ཐོན་ལས་ར་བ་དང་འདན་མ་གཞིས་ཁུལ་ཡུལ་གཞན་གནས་སྤོར་དབུལ་སྐྱོར་བཀོད་སྒྲིག་བྱེད་ས་གཉིས་ལ་སོང་ནས། དབུལ་ཐར་མཁྲེགས་གཏོར་བྱ་བར་རྟོག་ཞིབ་བྱས་པ་དང་། ཡུལ་དངོས་ནས་ཐོན་ལས་དར་སྤེལ་དང་ལས་ཞུགས་བཀོད་སྒྲིག གཞིས་ཁུལ་ཞབས་ཞུ་ཚོང་རྟགས་འཛུགས་སྐྲུན། གནས་སྤོར་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བ་སོགས་ཀྱི་གནས་ཚུལ་ལ་ལྟ་ཞིབ་བྱས། ཁོས་བསྟན་དོན། སྤུས་ཚད་མཐོན་པོས་དབུལ་ཐར་མཁྲེགས་གཏོར་གྱི་རྒྱལ་ཁ་ལེན་རྒྱུ་དེ། སྤྱི་ཡོངས་དང་ཡུན་རིང་ལ་འབྲེལ་བ་ཡོད་པས། དབུལ་ཕོངས་ཀྱི་ཞྭ་མོ་ཕུད་ཀྱང་འགན་འཁྲི་མི་འདོར་བ་དང་། ཞྭ་མོ་ཕུད་ཀྱང་སྲིད་ཇུས་ལག་བསྟར་བྱེད་མཚམས་མི་འཇོག་པ། ཞྭ་མོ་ཕུད་ཀྱང་རོགས་སྐྱོར་བྱེད་མཚམས་མི་འཇོག་པ། ཞྭ་མོ་ཕུད་ཀྱང་ལྟ་སྐུལ་དོ་དམ་བྱེད་མཚམས་མི་འཇོག་པའི་རེ་བ་ལག་བསྟར་བྱེད་པ་དང་། དབུལ་ཐར་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པའི་གྲུབ་འབྲས་མཐོར་འདེགས་བཏང་སྟེ། མཚོ་སྔོན་ལྷོ་རྒྱུད་ས་ཁུལ་གྱི་དབུལ་ཐར་མཁྲེགས་གཏོར་དང་ཞིང་སྡེ་དར་སྤེལ་སྦྲེལ་མཐུད་ཀྱི་ཕན་ཡོད་ལམ་བུ་བསྐྲུན་དགོས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་རྒྱུན་འཁྱོངས་བྱེད་པ་དང་། ཁྱད་ལྡན་ཐོན་ལས་ལ་བརྟེན་ནས་ཞིང་སྡེ་དར་སྤེལ་ལ་སྐུལ་འདེད་གཏོང་བ། ཐོན་རྫས་ཉོ་ཚོང་བྱེད་ཆོག་པའི་ཆུ་ཚད་མཐོར་འདེགས་བཏང་སྟེ། རོང་འབྲོག་མང་ཚོགས་ཀྱི་ཡོང་སྒོ་ཇེ་མང་དུ་གཏོང་དགོས་ཟེར། ཝང་ཅན་ཅུན་ཡིག་ཚགས་བཙུགས་ཤིང་བྱང་བུ་ལས་པའི་དབུལ་ཕོངས་ཁྱིམ་ཚང་སངས་རྒྱས་བཟང་མོའི་ཁྱིམ་དུ་སོང་ནས། ཁོ་མོར་ཏང་གི་སྲིད་ཇུས་ཀྱི་རྒྱབ་སྐྱོར་འོག ནང་སྐྱེས་སྒུལ་ཤུགས་ཆེར་བསྐྱེད་དེ་ཕྱུག་བསྒྱུར་བྱས་ནས། འཚོ་བ་སྔར་ལས་ཇེ་བཟང་དུ་གཏོང་རྒྱུའི་སྐུལ་མ་བཏང་།

དར་ལག་རྫོང་རྒྱུད་སྨད་གྲོང་རྡལ་རྡོ་ཟེགས་བཟོ་གྲྭའི་དག་ཐེར་ལེགས་བཅོས་ཡུལ་དངོས་དང་འོད་ཟེར་ཞང་བྲག་མཆོག་ལུང་བའི་ཞན་འགྱུར་རྩྭ་སའི་ཕྱོགས་བསྡུས་བཅོས་སྐྱོང་ཚོད་ལྟ་ཁུལ་དཔེ་སྟོན་ས་ཆ། མགོ་ལོག་ཁུལ་རྒྱལ་ཁོངས་ལྗང་བསྒྱུར་སྡོང་འཛུགས་ཡུལ་དངོས་བཅས་སུ་ཝང་ཅན་ཅུན་གྱིས་ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཀྱི་ཡར་ཞུ་གནད་དོན་དག་ཐེར་ལེགས་བཅོས་དང་ས་ནག་ཐང་བཅོས་སྐྱོང་། རྒྱལ་ཁོངས་ལྗང་བསྒྱུར་ལོ་གསུམ་འགུལ་སྐྱོད་སྤེལ་བ་སོགས་གནས་ཚུལ་ཐད་ནས་རྒྱུས་ལོན་གསལ་བོ་བྱས་པ་མ་ཟད། སྲུང་སྐྱོབ་དང་འཕེལ་རྒྱས་ཀྱི་རྩོད་སྒྲུབ་འབྲེལ་བ་ཐག་གཅོད་ཡང་དག་བྱེད་པ་དང་། སུས་གཏོར་བརླག་བཏང་ན་སུས་སླར་གསོ་བྱེད་པ་དང་སུ་ལ་ཕན་ཐོགས་ན་སུས་བཅོས་སྐྱོང་བྱེད་པ་རྒྱུན་འཁྱོངས་བྱེད་པ། དག་ཐེར་ལེགས་བཅོས་དང་བསམ་གཞིགས་གཏོང་བ་བརྒྱུད་དེ། ཡུན་ཕན་རྐྱེན་སྲོལ་བཙུགས་ནས། སྔར་ལས་བཟང་བོར་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས། ཞན་འགྱུར་རྩྭ་སའི་ཕྱོགས་བསྡུས་བཅོས་སྐྱོང་གི་ཕན་ཡོད་བྱེད་ཐབས་སྤྱི་སྡོམ་ནན་མོ་བྱེད་པ་དང་། སྔོ་ཁེབས་ཀྱི་ཁེབས་ཚད་མཐོར་འདེགས་གཏོང་བ། རྩྭ་ས་དང་ཕྱུགས་ཟོག་དོ་མཉམ་ཡོང་བར་སྲུང་སྐྱོབ་བྱས་ནས། རྩྭ་ཐང་གི་ཐོན་ཁུངས་ཡུན་རིང་བེད་སྤྱོད་ལ་སྐུལ་འདེད་གཏོང་དགོས་ཟེར། ཝང་ཅན་ཅུན་གྱིས་ཆེད་དུ་སྐྱེ་ཁམས་སྲུང་སྐྱོབ་སྔོན་ཐོན་དཔེ་མཚོན་བློ་དགེ་ལ་འཚམས་འདྲི་བྱས་པ་དང་། ཁོས་མུ་མཐུད་དུ་རྩྭ་ཐང་ཆེད་མཁས་པའི་ནུས་པ་འདོན་སྤེལ་བྱས་ཏེ། ལོ་ངོ་བཞི་བཅུའི་རིང་བསྡུ་གསོག་བྱས་པའི་ཉམས་མྱོང་དང་བྱེད་ཐབས་རྩྭ་ཐང་གི་སྐྱེ་ཁམས་བཅོས་སྐྱོང་སླར་གསོ་བྱེད་པའི་སྟེང་བཀོལ་ནས། མི་རབས་དང་མི་རབས་ཀྱི་འབྲོག་པ་མང་ཚོགས་རྩྭ་ཐང་སྟེང་ནམ་ཡང་འཚོ་གནས་བྱེད་ཐུབ་པར་བྱེད་དགོས་པའི་སྐུལ་མ་བཏང་།

ཝང་ཅན་ཅུན་ཆར་བའི་ཁྲོད་རྨ་ཆེན་རྫོང་རྟ་བོ་གྲོང་རྡལ་དུས་རབས་གསར་བའི་ཐང་ཆེན་དུ་སོང་ནས། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་རྣམ་པ་གསར་བའི་གྲོང་གསེབ་ཅན་གྱི་བྱ་བར་རྟོག་ཞིབ་བྱས། རྟོག་ཞིབ་བྱེད་སྐབས། ཝང་ཅན་ཅུན་གྱིས་རྨ་ཆེན་རྫོང་གི་གཞི་རིམ་ཏང་འཛུགས་བྱ་བར་ཁས་ལེན་གང་ལེགས་བྱས།

ལོ་ཙཱ་བ། རིན་ཆེན་མཚོ།