ཝང་དབྱང་གིས་བོད་ལྗོངས་ཀྱི་བྱ་བར་རྟོག་ཞིབ་གནང་།
2020.07.09 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 1086

ཟླ་བདུན་པའི་ཚེས་དྲུག་ཉིན་ནས་ཚེས་བརྒྱད་ཉིན་བར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་བོད་ལྗོངས་དུ་རྟོག་ཞིབ་མཛད། འདི་ནི་ཟླ་བདུན་པའི་ཚེས་དྲུག་ཉིན་ཝང་དབྱང་གིས་གཞིས་ཀ་རྩེའི་དབུལ་སྐྱོར་གནས་སྤོར་སྡེ་གསར་གྱི་བོད་རིགས་ཁྱིམ་ཚང་ལ་གཟིགས་ཞིབ་མཛད་བཞིན་པའི་ཚུལ་རེད། 

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་ཉེ་ལམ་བོད་ལྗོངས་དུ་རྟོག་ཞིབ་མཛད། ཁོང་གིས་བསྟན་དོན། བོད་ལྗོངས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་ཇུས་གཞིར་སློབ་སྦྱོང་དང་གོ་བ་ཟབ་མོ་ལེན་དགོས། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཁྱོན་ཡོངས་འཐབ་ཇུས་དང་འཛམ་གླིང་གི་ལོ་ངོ་བརྒྱ་ལྷག་རིང་བྱུང་མ་མྱོང་བའི་འཕོ་འགྱུར་ཆེན་པོའི་མཐོ་ཚད་ནས་བོད་ལྗོངས་བྱ་བར་ཚད་མཐོའི་ལྟ་ཞིབ་དང་ཇུས་འགོད་བྱེད་པ་དང་། མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་རྒྱུའི་གཞི་འཛིན་ས་དང་ཤུགས་རྒྱག་ས་འདིར་རྩེ་གཅིག་ཏུ་དམིགས་ནས་ཡུན་རིང་གི་འཐབ་ཇུས་མང་ཙམ་འཐེན་པ། རྩ་བ་ཇེ་བརྟན་དུ་གཏོང་བའི་བྱ་ཐབས་མང་ཙམ་སྤྱོད་པ། ཁ་བྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་མཐའ་གཅིག་ཏུ་སྤེལ་བ། ཉེན་ཁ་དང་འགྲན་སློང་གལ་ཆེན་སེལ་རྒྱུར་དོགས་ཟོན་མཐའ་གཅིག་ཏུ་བྱེད་པ་བཅས་བྱས་ཏེ། བོད་ལྗོངས་ཡུན་རིང་བདེ་འགོད་ཡོང་བའི་རྨང་གཞི་རྒྱུན་ཆད་མེད་པར་སྲ་བརྟན་དུ་གཏོང་།

ཚེས་དྲུག་ཉིན་ནས་ཚེས་བརྒྱད་ཉིན་བར་ཝང་དབྱང་གཞིས་ཀ་རྩེ་དང་ལྷ་ས་སོགས་ལ་སོང་ནས་གནས་སྤོར་དབུལ་སྐྱོར་སྡེ་གསར་དང་ཞིང་སྡེ་ཕྱུགས་ཁུལ། ཁེ་ལས་གླིང་། ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་ས་བཅས་ལ་ཟབ་ཞུགས་བྱས་ནས་རྟོག་ཞིབ་བྱས་པར་མ་ཟད། བྱ་བའི་བཞུགས་མོལ་ཚོགས་འདུར་འགོ་འཛིན་མཛད་དེ། འབྲེལ་ཡོད་ཕྱོགས་ཀྱི་བསམ་འཆར་དང་གྲོས་གཞི་ལ་ཉན། ཁོང་གིས་བསྟན་དོན། ཉེ་བའི་ལོ་འགའི་རིང་ལ་རང་སྐྱོང་ལྗོངས་ཏང་ཨུ་ཡིས་ཀྲུང་དབྱང་གི་བོད་ལྗོངས་བྱ་བའི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་དང་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ནན་ཏན་གྱིས་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཁྲིམས་ལྟར་བོད་ལྗོངས་བཅོས་སྐྱོང་དང་། དམངས་ཕྱུག་ཞིང་བོད་ལྗོངས་དར་བ། ཡུན་རིང་བོར་བོད་ལྗོངས་འཛུགས་སྐྲུན་བྱེད་པ། མི་སེམས་གཅིག་སྒྲིལ། རྨང་གཞི་སྲ་བརྟན་གཏོང་བཅས་མཐའ་འཁྱོངས་བྱས་ནས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ། དཀའ་ཚེགས་ཆེ་ལ་ཞིབ་ཚགས་ཡིན་པའི་ལས་དོན་འབོར་ཆེན་བསྒྲུབས་ནས་བྱ་གཞག་ཁག་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་བས། དཔལ་འབྱོར་མགྱོགས་མྱུར་གྱིས་འཕེལ་རྒྱས་འགྲོ་བ་དང་སྤྱི་ཚོགས་ཁྱོན་་ཡོངས་ནས་རྒྱུན་མཐུད་གཏན་འཇགས་ཡིན་པ། མི་དམངས་ཀྱི་འཚོ་བ་བདེ་སྐྱིད་ལྡན་པ། སྐྱེ་ཁམས་ཁོར་ཡུག་བཟང་བོ་རྒྱུན་འཁྱོངས་ཐུབ་པ་བཅས་ཀྱི་རྣམ་པ་དགའ་འོས་པ་ཞིག་མངོན་ཡོད།

ཝང་དབྱང་གིས་བསྟན་དོན། མི་རིགས་ཆོས་ལུགས་ལས་དོན་དེ་བོད་ལྗོངས་ཡུན་རིང་བདེ་འགོད་དང་འབྲེལ་བ་ཡོད། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་སྒྲིག་གཞིའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་གཙོ་རྐང་དུ་བྱས་ནས་མི་རིགས་མཐུན་སྒྲིལ་གྱི་ལས་དོན་ཟབ་སྤེལ་བྱེད་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་སྒྲིག་གཞིའི་ལོ་རྒྱུས་ལ་ཞིབ་འཇུག་བྱ་རྒྱུར་མཐོང་ཆེན་བྱེད་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོ་ཇེ་ལེགས་སུ་གཏོང་རྒྱུར་ཤུགས་སྣོན་རྒྱག་པ། རྒྱལ་ཁབ་ཀྱི་ཐུན་མོང་དུ་སྤྱོད་པའི་སྐད་ཡིག་ཁྱོན་ཡོངས་ནས་ཁྱབ་སྤེལ་དང་ཁྱབ་གདལ་གཏོང་བ། མི་རིགས་ཁག་དབར་འགྲོ་འོང་བརྗེ་རེས་བྱེད་པའི་ཁྱབ་ཁོངས་ཇེ་ཆེར་གཏོང་བ་བཅས་བྱེད་དགོས། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་འགྱུར་བའི་ཆུ་ཚད་ཇེ་མཐོར་གཏོང་རྒྱུ་གཙོ་གནད་དུ་བཟུང་སྟེ་ཆོས་ལུགས་ཀྱི་ལས་དོན་ལེགས་པར་བསྒྲུབ་དགོས། དགོན་པའི་ཆོས་ལུགས་བྱེད་སྒོ་ལ་ཁྲིམས་ལྟར་དོ་དམ་བྱས་ཏེ། སེར་སྐྱ་མང་ཚོགས་ལ་རྒྱལ་ཁྲིམས་ནི་ཆོས་ཁྲིམས་ལས་ཆེ་ཞིང་དད་ལྡན་མང་ཚོགས་ཚང་མ་ཐོག་མར་རྒྱལ་ཁབ་ཀྱི་སྤྱི་དམངས་ཡིན་པའི་སྤྱི་ཚོགས་ཀྱི་འདུ་ཤེས་བརྟན་པོ་འཛུགས་པར་ཁྲིད་སྟོན་དང་། ཆོས་ལུགས་མི་སྣ་གསོ་སྐྱོང་དང་སློབ་གསོ་གཏོང་བར་མཐོང་ཆེན་བྱེད་པ། རྒྱལ་གཅེས་རིང་ལུགས་ཀྱི་སྲོལ་རྒྱུན་བཟང་པོ་དར་སྤེལ་གཏོང་བ། ཆོས་ལུགས་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་མཐུན་པ་ཡོང་བར་སྔར་ལས་ཁྲིད་སྟོན་ལེགས་པོ་བཅས་བྱེད་དགོས།

ཝང་དབྱིང་གིས་བསྟན་དོན། ངེས་པར་དུ་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱས་ནས་རིགས་སོ་སོའི་མང་ཚོགས་འཕེལ་རྒྱས་ཁྲོད་ཞུགས་པའི་མྱོང་ཚོར་དང་ཐོབ་ཚོར་ཟམ་མི་ཆད་པར་ཆེ་རུ་བཏང་སྟེ། འཕེལ་རྒྱས་ཀྱི་གྲུབ་འབྲས་ཀྱིས་མཐུན་སྒྲིལ་དམ་ཟབ་དང་མི་སེམས་གཅིག་ཏུ་སྒྲིལ་ཐུབ་པ་བྱེད་དགོས། དབུལ་ཐར་འགག་སྒྲོལ་ནི་དཔལ་འབྱོར་ལས་དོན་ཡིན་ལ་ཆབ་སྲིད་ལས་འགན་ཡང་ཡིན། བོད་རང་སྐྱོང་ལྗོངས་ཀྱིས་སློབ་གྲྭར་འགྲོ་བ་མཚམས་མི་ཆད་པར་བྱས་ནས་སློབ་གྲྭར་ཞུགས་ཚད་ལ་འགན་ལེན་དང་། འཐུང་ཆུའི་བདེ་འཇགས། ས་གནས་ཀྱི་ནད་རིགས་འགོག་བཅོས་བཅས་ཀྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་དགོས་བར་མ་ཟད། ཡུལ་གཞན་གནས་སྤོར་དབུལ་སྐྱོར་གྱི་རྗེས་མཐུད་རོགས་སྐྱོར་ལས་དོན་ཏན་ཏིག་ངང་སྒྲུབ་པ། དབུལ་ཐར་འགག་སྒྲོལ་གྱི་སྤུས་ཚད་མཐོ་བའི་དམིགས་ཚད་ལས་འགན་ལེགས་སྒྲུབ་བཅས་བྱས་ནས་བོད་ལྗོངས་ཀྱི་མི་རིགས་ཁག་གི་མང་ཚོགས་གཅིག་ཀྱང་མ་ལུས་པར་རྒྱལ་ཡོངས་མི་དམངས་དང་མཉམ་དུ་ཁྱོན་ཡོངས་ནས་འབྱོར་འབྲིང་མངོན་འགྱུར་ཡོང་ཐུབ་པར་འགན་ལེན་ཁག་ཐེག་བྱེད་དགོས་ཞེས་ཟེར།

རྟོག་ཞིབ་ཀྱི་སྐབས་སུ་ཝང་དབྱང་གིས་གཞིས་ཀ་རྩེའི་རང་སྐྱོང་ཁུལ་གྱི་རིམ་པ་སོ་སོའི་སྲིད་གྲོས་ཨུ་ཡོན་འཐུས་མི། གྲོང་ཁྱེར་སྲིད་གྲོས་འབྲེལ་ཡོད་ལས་ཁུངས་ཀྱི་ལས་བྱེད་པའི་འཐུས་མི་བཅས་ལ་མཇལ་འཕྲད་གནང་།

ལོ་ཙཱ་བ། དཔའ་བརྟན་རྒྱལ།