ཧན་ཀྲིན་གྱིས་པེ་ཅིན་ནས་སིང་ག་ཕོར་གྱི་ཙུང་ལི་གཞོན་པ་ཝང་རོས་ཅེ་ལ་ཁ་པར་བཏང་།
2020.08.01 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ་བདུན་པའི་ཚེས་སོ་གཅིག་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་གྱིས་པེ་ཅིན་ནས་སིང་ག་ཕོར་གྱི་ཙུང་ལི་གཞོན་པ་ཝང་རོས་ཅེ་ལ་ཁ་པར་བཏང་།

ཧན་ཀྲིན་གྱིས་གསུངས་རྒྱུར། ཉེ་ལམ་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཙུང་ལི་ལིས་ཞན་ལུང་ལ་ཁ་པར་བཏང་སྟེ་ཕྱོགས་གཉིས་ཀྱི་འབྲེལ་བ་དང་རིམས་འགོག་མཉམ་ལས་དང་དེ་མིན་ཐུན་མོང་གིས་སེམས་ཁུར་བྱེད་པའི་གནད་དོན་གལ་ཆེན་ཐད་ལ་ཐུན་མོང་གི་ལྟ་ཚུལ་གསར་བ་བཏོན། ད་ལོ་ནི་ཀྲུང་གོ་དང་སིང་ག་ཕོར་བར་འབྲེལ་བ་བཙུགས་ནས་ལོ་སུམ་ཅུ་ལོན་པའི་ལོ་ཡིན་ལ། རིམས་འགོག་མཉམ་ལས་དེ་ཀྲུང་གོ་དང་སིང་ག་ཕོར་བར་གྱི་འབྲེལ་བའི་བྱ་བ་གཙོ་བོར་གྱུར་ཡོད་པ་དང་། ས་གནས་དང་རྒྱལ་སྤྱིའི་སྟེང་དུ་དཔེ་སྟོན་གྱི་ནུས་པ་བཟང་བོ་བཏོན། ཕྱོགས་གཉིས་ཀྱིས་ཕན་ཚུན་ལ་རོགས་རམ་དང་དཀའ་ཁག་མཉམ་སེལ་བྱས་ནས་རྒྱལ་ཁབ་གཉིས་དང་ཁུལ་ཁོངས་བར་གྱི་འདོན་སྤྲོད་ཕྲེང་འབྲེལ་འགན་སྲུང་བྱས། ཀྲུང་གོ་ཕྱོགས་ཀྱིས་སིང་ག་ཕོར་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་པའི་བཏོན་པའི་ཐུན་མོང་གི་ལྟ་ཚུལ་དངོས་འབེབས་བཟང་བོ་བྱེད་པ་དང་། ཕན་ཚུན་ལ་སློབ་སྦྱོང་དང་དཔྱད་གཞིར་འཛིན་པར་ཤུགས་སྣོན་ཞིང་མཉམ་ལས་ཀྱི་རྐྱེན་སྲོལ་སྟེགས་བུ་བཀོལ་སྤྱོད་བཟང་བོ་བྱེད་འདོད་ཡོད་ཟེར།

ཝང་རོས་ཅེ་ཡིས་བཤད་དོན། སིང་ག་ཕོར་དང་ཀྲུང་གོའི་བར་འབྲེལ་བ་བཙུགས་ནས་ལོ་སུམ་ཅུ་ལོན་པ་དེས་གོ་སྐབས་གསར་བ་བསུས་བྱུང་། སིང་ག་ཕོར་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་གཞོགས་འདེགས་དམ་པོ་བྱས་ཏེ། ཕྱོགས་གཉིས་ཀྱི་མཉམ་ལས་རྐྱེན་སྲོལ་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། དཔལ་འབྱོར་ཚུལ་སྒྱུར་མྱུར་དུ་ལག་བསྟར་བྱས་ནས། རིམས་ནད་སོགས་ཀྱི་ འགྲན་རྩོད་ལ་མཉམ་དུ་ཁ་གཏད་འཇལ་འདོད་ཡོད་ཟེར།

                                                                                                                       ལོ་ཙཱ་བ། བཀྲ་ཤིས་འབུམ།