ཝང་ཅན་ཅུན་གྱིས་འགོ་འཛིན་བྱས་ཏེ་མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་བསྡུས།
2020.08.01 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 32

ཟླ་བདུན་པའི་ཚེས་སོ་གཅིག་ཉིན་གྱི་ཕྱི་དྲོར་མཚོ་སྔོན་ཞིང་ཆེན་ཏང་ཨུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་བསྡུས་ཤིང་། ཚོགས་ཐོག་ནས་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་གྲོས་ཚོགས་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་དང་། ཀྲུང་དབྱང་འགོ་ཁྲིད་བློ་མཐུན་གྱི་འབྲེལ་ཡོད་གསུང་བཤད་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་། མཚོ་སྔོན་གྱི་ལག་བསྟར་དོན་འཁྱོལ་བསམ་འཆར་ལ་ཞིབ་འཇུག་བཅས་བྱས་ནས་འབྲེལ་ཡོད་ཡིག་ཆར་གྲོས་ཞིབ་བྱས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཅན་ཅུན་གྱིས་གྲོས་ཚོགས་ལ་མགོ་འཛིན་བྱས།

གྲོས་ཚོགས་ལས་བསྟན་དོན། ཟླ་བདུན་པའི་ཚེས་སུམ་ཅུ་ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བའི་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་གྲོས་ཚོགས་ཐོག་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་ལོ་རྒྱུས་ཀྱི་གནས་ཕྱོགས་སུ་འགྲེང་ནས། བརྒྱ་ལོ་དང་པོའི་འབད་འཐབ་དམིགས་འབེན་བདེ་བླག་ངང་མངོན་འགྱུར་བྱེད་པ་དང་བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་ཕྱོགས་སུ་དཔུང་འཇུག་བྱེད་པར་རྩེ་རིམ་ཇུས་འགོད་མཛད་ཡོད་ཅིང་། དེས་ང་ཚོས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པའི་རྒྱལ་ཁ་ཕུ་ཐག་ཆོད་པར་ལེན་པ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་དུ་འགྱུར་བར་འབད་འཐབ་བྱེད་པར་ཁ་ཕྱོགས་གསལ་སྟོན་བྱས་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་ཕྱིའི་མི་སྣའི་བཞུགས་མོལ་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱིས་སྲིད་སྐྱོང་ཏང་གི་སྲིད་སྐྱོང་འགན་ཁུར་མཚོན་པ་དང་། སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་འཕགས་བླ་མེད་མངོན་ཡོད། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་གི་ཏང་མང་མཉམ་ལས་ལམ་ལུགས་མཐའ་འཁྱོངས་དང་འཐུས་ཚང་དུ་གཏོང་རྒྱུ་ནི་ཐུན་མོང་གི་ངོས་འཛིན་གཅིག་སྒྲིལ་དང་སྟོབས་ཤུགས་གཅིག་སྒྲིལ་གྱི་བསྒྲགས་གཏམ་ཡིག་ཆ་ཞིག་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཅི་ལིན་དུ་གཟིགས་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་ནི། ཅི་ལིན་ལ་བཏོན་པའི་བླང་བྱ་ཞིག་ཡིན་ལ་མཚོ་སྔོན་ལ་བཏོན་པའི་བླང་བྱ་ཞིག་ཀྱང་རེད། མཚོ་སྔོན་གྱིས་ཏན་ཏན་ཏིག་ཏིག་བཞིའི་བླང་བྱ་གལ་ཆེན་ལག་བསྟར་དོན་འཁྱོལ་བྱེད་པའི་གཞི་འཛིན་ས་གལ་ཆེན་ཞིག་ཀྱང་རེད། ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་དར་ཆ་རླབས་པོ་ཆེ་ཐོག་མཐའ་བར་གསུམ་དུ་མཐོན་པོར་བསྒྲེངས་ནས། དེང་སྐབས་ལ་དམིགས་པ་དང་མ་འོངས་པར་བསམ་བློ་གཏོང་བ། “བརྒྱ་ལོ་གཉིས”ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པར་དམིགས་ཏེ། ལས་ཀའི་དམིགས་ས་དང་ཤུགས་རྒྱག་ས་དེ་“ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་པར་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་གཏོང་བ་དང་། “ཁྱོན་ཡོངས་བཞི”ཡི་འཐབ་ཇུས་ཀྱི་བཀོད་པ་མཐུན་སྦྱོར་ངང་སྐུལ་འདེད་གཏོང་བའི་ཐོག་འཇོག་པ། བློ་བརྟན་འགྱུར་མེད་ཀྱིས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་ལེན་མཐར་ཕྱིན་བྱེད་པ། “བརྟན་འཇགས་དྲུག”གི་ལས་དོན་ཡག་པོ་སྒྲུབ་པ་དང་། “འགན་སྲུང་དྲུག”གི་ལས་འགན་དོན་འཁྱོལ་བྱེད་པའི་ཐད་མཚོ་སྔོན་གྱི་ལས་དོན་ཁག་བརྟན་ཐོག་ཡར་འཕེལ་དང་ཡུན་རིང་བརྟན་པོ་ཡོང་རྒྱུར་སྔར་ལས་སྐུལ་འདེད་གཏོང་དགོས།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁེ་ལས་པའི་བཞུགས་མོལ་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱིས་ཚོང་རའི་བྱེད་པོའི་གསོན་ཤུགས་སྲུང་སྐྱོབ་དང་སྐུལ་སློང་དང་། ཁེ་ལས་པའི་སྙིང་སྟོབས་དར་སྤེལ། སྟོབས་ཤུགས་གཅིག་བསྡུས་ཀྱིས་རང་ཉིད་ཀྱི་བྱ་བ་ལེགས་པར་སྒྲུབ་པ་བཅས་ཀྱི་ཐད་ལ་བླང་བྱ་ཁ་གསལ་བཏོན་ཡོད་ཅིང་། དེར་བསམ་བློའི་རང་བཞིན་དང་དམིགས་སའི་རང་བཞིན། མཛུབ་སྟོན་རང་བཞིན་བཅས་ཆེན་པོ་ལྡན་ཡོད། གསུང་བཤད་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ཏེ། ཁེ་ལས་དང་ཁེ་ལས་པའི་གལ་ཆེའི་རང་བཞིན་ལ་ངོས་འཛིན་བྱས་ནས་ཐབས་བརྒྱ་ཇུས་སྟོང་གིས་ཚོང་རའི་གྲུབ་ཆ་གཙོ་བོ་སྲུང་སྐྱོབ་ཡག་པོ་བྱ་དགོས། དཔལ་འབྱོར་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་རྒྱུར་ནུས་པ་འདོན་དགོས། ངལ་རྩོལ་པ་དང་གསར་སྐྲུན་བྱེད་མཁན་མཐའ་དག་ལ་སེམས་ཁུར་བྱེད་པ་དང་འདྲ་བར། ཁེ་ལས་པར་ལྟ་སྟངས་ཡག་པོ་འཛིན་དགོས། ཞབས་ཞུ་དང་འགན་སྲུང་ལེགས་པོ་སྤྱད་དེ་ཁེ་ལས་པས་རྒྱུ་ནོར་གསར་སྐྲུན་བྱེད་པའི་ཧུར་སེམས་འཕེལ་བར་བྱ་དགོས། ཁེ་ལས་པར་དོ་དམ་བྱེད་མཁས་པོ་བྱས་ཏེ། ཚོང་ར་ཅན་དང་ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་བཅས་ཀྱི་སྒྲིག་སྲོལ་ལྟར། ཁེ་ལས་མཁས་ཅན་གྱི་སེམས་པ་བག་གཡེང་དང་ཕུགས་ཀྱི་བསམ་བློར་རྒྱབ་སྐྱོར་བྱས་ཏེ་སྙིང་རུས་ཆེན་པོས་བྱ་གཞག་གཉེར་དགོས། ཁེ་ལས་པ་བཀོལ་སྤྱོད་བྱེད་མཁས་པོ་བྱས་ནས། དཔལ་འབྱོར་རིག་པ་བའི་བསམ་གཞིགས་དང་ཁེ་ལས་པའི་བསམ་གཞིགས་ཟུང་འབྲེལ་བྱས་ཏེ། ཁེ་ལས་པས་གསར་གཏོད་སྲོལ་འབྱེད་དང་དམ་པ་དོན་གཉེར་བྱེད་པར་བསྔགས་སྐུལ་བྱས་ནས། མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར་བྱས་རྗེས་འཇོག་དགོས།

གྲོས་ཚོགས་ལས་བསྟན་དོན། བློ་མཐུན་དབྱང་ཞའོ་ཏུའུ་ཡིས“འགོ་ཁྲིད་དང་པོ”དང་འགོ་ཁྲིད་ཚན་པར་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་རྒྱུའི་སྐོར་གྱི་བརྟག་དཔྱད་ཞིབ་འཇུག་གསུང་བཤད་ནང་། ཏང་གི་སྒྲིག་ཡིག་གཞིར་བཟུང་བ་དང་སྲོལ་ཡིག་གཞིར་བཟུང་བ། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་། སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པ། བཞི་པ། དེ་བཞིན་སྐབས་བཅུ་དགུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་བཅས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་ནུས་ལྡན་བཏང་བ་དང་། ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱ་རྒྱུར་སྐུལ་འདེད་གཏོང་བའི་བྱ་ཐབས་གལ་ཆེན་ཞིག་རེད། སློབ་སྦྱོང་ནན་ཏན་དང་གོ་བ་ཟབ་མོ་ལེན་པ། ཞིབ་འཇུག་བརྡར་གཅོད་ཡང་དག་དང་འབྲེལ་མཐུད་གནད་འཁེལ་བྱེད་པ། དོན་དངོས་དང་ཟུང་འབྲེལ་དང་བརྟག་ཞིབ་ནན་མོ་བྱས་ཏེ། རྨང་གཞིའི་རང་བཞིན་གྱི་ལས་དོན་ཁག་ཏན་ཏིག་ངང་ཡག་པོ་བསྒྲུབས་ནས་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་བཀོད་སྒྲིག་ཁག་དོན་ཐོག་ཏུ་འཁྱོལ་རྒྱུ་འགན་ལེན་བྱེད་དགོས། རིམ་པ་ཁག་གི་འགོ་ཁྲིད་ལས་བྱེད་པ་སྤྱི་དང་ལྷག་པར་དུ་འགན་འཁུར་བློ་མཐུན་གཙོ་བོས་ཐོག་མཐའ་བར་གསུམ་དུ་སེམས་ལ་ཏང་ཡོད་པ་དང་སེམས་ལ་མི་དམངས་ཡོད་པ། སེམས་ལ་འགན་འཁྲི་ཡོད་པ། སེམས་ལ་ཁྲིམས་ཀྱི་སྡོམ་གཅུན་ཡོད་པ་བཅས་བྱས་ནས་དུས་དང་རྣམ་པ་ཀུན་ཏུ་རིག་པ་དྭངས་གསལ་དང་བློ་རྩ་བརྟན་པོ་ཡོང་བར་བྱེད་དགོས། ལྟ་སྐུལ་ལ་ལྟ་སྟངས་ཡང་དག་འཛིན་པ་དང་རང་རྟོགས་ངང་ལྟ་སྐུལ་དང་ལེན། འགན་སྒྲུབ་ལྟ་སྐུལ་ནན་མོ་བཅས་བྱས་ཏེ། སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་སྐྱེ་ཁམས་སྲུང་སྐྱོབ་ཡག་པོ་བྱེད་དགོས།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། བློ་མཐུན་ཡིའུ་ཆོན་གྱིས་མཚོ་སྔོན་དུ་རྟོག་ཞིབ་བྱེད་པར་ཕེབས་པ་དེས། ཀྲུང་དབྱང་གིས་བོད་འབྲེལ་གཙོ་གནད་ས་ཁུལ་གྱི་ལས་དོན་ལ་མཐོང་ཆེན་དང་རྒྱབ་སྐྱོར་གནང་བ་གང་ལེགས་མཚོན་ཡོད་ཅིང་། དེས་ང་ཚོས་མི་རིགས་ཆོས་ལུགས་ལས་དོན་ཡག་པོ་བསྒྲུབ་རྒྱུར་མཛུབ་ཁྲིད་ནུས་ལྡན་བྱས་ཡོད། བློ་མཐུན་ཡིའུ་ཆོན་གྱི་བརྟག་ཞིབ་བླང་བྱ་ལག་བསྟར་དོན་འཁྱོལ་ཡག་པོ་བྱེད་དགོས། མི་རིགས་མང་པོ་འདུས་སྡོད་བྱེད་པ་ནི་མཚོ་སྔོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དགེ་མཚན་ཆེན་པོ་ཞིག་ཡིན་པ་དང་། ཆོས་ལུགས་མང་པོ་མཉམ་དུ་གནས་པ་ནི་མཚོ་སྔོན་གྱི་རིག་གནས་དར་རྒྱས་ཡོང་བའི་རྨང་གཞི་གལ་ཆེན་ཡིན། ལོ་རྒྱུས་ཀྱིས་མི་རིགས་ལས་དོན་ལ་ལྟ་སྟངས་འཛིན་པ་དང་རྩོད་སྒྲུབ་ཀྱིས་ཆོས་ལུགས་ལས་དོན་ལ་ལྟ་སྟངས་འཛིན་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་གཏོད་ལ་སྔར་ལས་ཤུགས་སྣོན་བརྒྱབ་ནས་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཇེ་བརྟན་དུ་གཏོང་དགོས། མི་རིགས་ཁག་དབར་འགྲོ་འོང་དང་སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་བ་དང་། ཆོས་ལུགས་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་རྒྱུར་ཁྲིད་སྟོན་བྱེད་པ། མི་རིགས་ཆོས་ལུགས་ལས་དོན་གྱི་བཅོས་སྐྱོང་ནུས་པ་དང་བཅོས་སྐྱོང་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱེད་དགོས།

གྲོས་ཚོགས་ལས་བསྟན་དོན། བློ་མཐུན་ཀྲོའུ་ཆང་གིས་མཚོ་སྔོན་དུ་རྟོག་ཞིབ་བྱེད་པར་ཕེབས་པ་དེས། མཚོ་སྔོན་ཁྲིམས་ཁང་གི་ལས་དོན་ལ་ཞིབ་བཤེར་བྱས་པ་ཞིག་དང་དཀའ་ཚེགས་ཆེ་བའི་ས་ཁུལ་ཁྲིམས་ཁང་གི་ལས་བྱེད་ཉེན་རྟོག་པར་སྐུལ་ལྕག་བཏང་བ་ཞིག་རེད། བློ་མཐུན་ཀྲོའུ་ཆང་གི་བླང་བྱ་ལག་བསྟར་མཐའ་གཅིག་ཏུ་བྱ་དགོས། སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་དང《ཀྲུང་གོ་གུང་ཁྲན་ཏང་གི་སྲིད་ཁྲིམས་ལས་དོན་སྲོལ་ཡིག》ལག་བསྟར་བྱ་རྒྱུ་དང་ཟུང་འབྲེལ་བྱས་ཏེ། ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པའི་དགོངས་དོན་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་བཏང་ནས། མཚོ་སྔོན་ཁྲིམས་ཁང་གི་བྱ་བའི་བཀྲག་མདངས་འཚེར་ས་གསར་བ་སྐྲུན་དགོས། རྒྱལ་ཡོངས་སྲིད་ཁྲིམས་དཔུང་སྡེའི་སློབ་གསོ་དག་ཐེར་བྱ་བའི་བཀོད་སྒྲིག་ལྟར། སྔ་མོ་ནས་གྲ་སྒྲིག་ལེགས་པོ་བྱ་དགོས། འགོ་ཁྲིད་ཚན་ཁག་འཛུགས་སྐྱོང་ཡག་པོ་དང་ལས་བྱེད་ཉེན་རྟོག་པར་མུ་མཐུད་སྣེ་ཁྲིད་ཡག་པོ་བྱས་ཏེ། ལྷག་བསམ་རྣམ་དག་དང་སྤྱོད་གཙང་། འགན་འཁྲི་འཁུར་ཕོད་པ་བཅས་ཀྱི་བྱང་ཚད་མཐོ་བའི་ཁྲིམས་ཁང་གི་དཔུང་ཁག་ཅིག་འཛུགས་སྐྱོང་བྱེད་དགོས།

ཚོགས་འདུའི་ཐོག《སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཐུན་མོང་སློབ་སྦྱོང་ཐེངས་ཉེར་གཅིག་པའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱ་རྒྱུའི་སྐོར་གྱི་བྱེད་ཐབས་འགའ་ཞིག》དང་། 《དུས་རབས་གསར་པའི་དམངས་ཆེན་ལས་དོན་ལ་སྔར་ལས་ཤུགས་སྣོན་རྒྱག་པ་དང་ཇེ་ལེགས་སུ་གཏོང་རྒྱུའི་སྐོར་གྱི་ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་བསམ་འཆར》།《ཞིང་ཆེན་ཡོངས་ཀྱི་གཞི་རིམ་ཏང་འཛུགས་ལས་དོན་ལ་ཡུལ་དངོས་ནས་སྐུལ་འདེད་གཏོང་བའི་ཚོགས་འདུ་རབ་དང་རིམ་པའི་ཇུས་གཞི》བཅས་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་རེད། ཚོགས་ཐོག་ནས་ད་དུང་དོན་དག་གཞན་དག་ལའང་ཞིབ་འཇུག་བྱས།

ལོ་ཙཱ་བ། བན་དེ་སྐྱབས།