ཞི་ཅིན་ཕིང་དང་ནེ་པ་ལའི་ཙུང་ཐུང་པན་ཏ་ལེ་གཉིས་ཀྱིས་ཀྲུང་གོ་དང་ནེ་པ་ལའི་བར་འབྲེལ་བ་བཙུགས་ཏེ་ལོ་རེ་ལྔ་ལོན་པའི་ཐད་ནས་ཕན་ཚུན་ལ་རྟེན་འབྲེལ་ཞུ་བའི་གློག་འཕྲིན་བཏང་བ་དང་ལིས་ཁི་ཆང་དང་ནེ་པ་ལའི་ཙུང་ལི་ཨོ་ལེ་གཉིས་ཀྱིས་ཀྱང་ཕན་ཚུན་ལ་རྟེན་འབྲེལ་ཞུ་བའི་གློག་འཕྲིན་བཏང་།
2020.08.01 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 60

ཟླ་བརྒྱད་པའི་ཚེས་གཅིག་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ནེ་པ་ལའི་ཙུང་ཐུང་པན་ཏ་ལེ་གཉིས་ཀྱིས་ཕན་ཚུན་ལ་རྟེན་འབྲེལ་ཞུ་བའི་གློག་འཕྲིན་བཏང་ནས། རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ཏེ་ལོ་རེ་ལྔ་ལོན་པར་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས།

ཞི་ཅིན་ཕིང་གིས་རྟེན་འབྲེལ་ཞུ་བའི་གློག་འཕྲིན་ནང་བསྟན་དོན། ཀྲུང་གོ་དང་ནེ་པ་ལའི་བར་དུས་ཡུན་རིང་བོའི་མཛའ་བརྩེ་ཡོད། འབྲེལ་བ་བཙུགས་ནས་ལོ་རེ་ལྔ་འགོར་བའི་རིང་ལ། རྒྱལ་ཁབ་གཉིས་ཀྱིས་དུས་ནམ་ཡང་ཕན་ཚུན་ལ་བརྩི་བཀུར་བྱས་པ་དང་འདྲ་མཉམ་གྱི་ལྟ་སྟངས་བཟུང་ནས། ཆབ་སྲིད་ཡིད་ཆེས་ཇེ་དྲག་ཏུ་བཏང་བ་དང་གཉིས་ཕན་མཉམ་ལས་ཟབ་མོ་བྱས། ན་ནིང་། ཙུང་ཐུང་པན་ཏ་ལེ་དང་ངེད་གཉིས་ཀྱིས་ཕན་ཚུན་ལ་འཚམས་འདྲི་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དེ་དར་རྒྱས་གོང་འཕེལ་ལ་ཁ་ཕྱོགས་པའི་ཚེ་རབས་མཛའ་མཐུན་གྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བར་མཐོར་འདེགས་བྱས་ཡོད། རྒྱལ་ཁབ་གཉིས་ཀྱིས་དཀའ་ངལ་མཉམ་སེལ་དང་ཕན་ཚུན་རོགས་རེས་བྱས་ཏེ་ལག་གདང་མཉམ་སྦྲེལ་གྱིས་པྲོག་གསར་གློ་ཚད་རིམས་ནད་ལ་འགོག་རྒོལ་བྱས་ནས། ཀྲུང་གོ་དང་ནེ་པ་ལའི་མཛའ་མཐུན་གྱི་ལོ་རྒྱུས་གསར་པ་བརྩམས་ཡོད། ངས་ཀྲུང་གོ་དང་ནེ་པ་ལའི་འབྲེལ་བ་གོང་འཕེལ་དུ་གཏོང་བར་ཧ་ཅང་མཐོང་ཆེན་བྱེད་བཞིན་ཡོད་ལ། ཙུང་ཐུང་པན་ཏ་ལེ་དང་མཉམ་དུ་འབད་བརྩོན་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་རྒྱུད་མ་ཆད་པར་གོང་འཕེལ་དུ་བཏང་ནས། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་སྔར་ལས་ཆེན་པོ་བསྐྲུན་ཆེད་དང་། ས་ཁུལ་གྱི་གཏན་འཇགས་དང་འཕེལ་རྒྱས་ཆེད་དུ་ཧུར་ཐག་གིས་སྟོབས་ཤུགས་འབུལ་འདོད་ཡོད་ཟེར།

པན་ཏ་ལེ་ཡིས་རྟེན་འབྲེལ་ཞུ་བའི་གློག་འཕྲིན་ནང་བསྟན་དོན། ནེ་པ་ལ་དང་ཀྲུང་གོའི་མཛའ་མཐུན་ལ་ལོ་རྒྱུས་རིང་བ་དང་རྨང་གཞི་མཐུག འབྲེལ་བ་བཙུགས་པའི་ཚུན་ལ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་མངོན་གསལ་གྱིས་རྒྱ་ཇེ་ཆེ་དང་གཏིང་ཇེ་ཟབ་ཏུ་སོང་ཡོད། ནེ་པ་ལ་ཕྱོགས་ཀྱིས་ཀྲུང་གོས་བཏོན་པའི་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པའི་ལྟ་བ་དེར་དགའ་བསུ་ཞུ་བཞིན་ཡོད་ལ། རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱེད་པའི་མཉམ་ལས་ལ་ཧུར་ཐག་གིས་ཞུགས་བཞིན་ཡོད། ནེ་པ་ལ་ཕྱོགས་ཀྱིས་ཀྲུང་གོས་བྱེད་ཐུབས་ནུས་ལྡན་སྤྱད་དེ་པྲོག་གསར་གློ་ཚད་རིམས་ནད་ལ་བཀག་འགོག་བྱས་པར་གཟེངས་བསྟོད་བྱེད་བཞིན་པ་དང་། ཀྲུང་གོས་ནེ་པ་ལའི་རིམས་ནད་འགོག་རྒོལ་ཐད་རྒྱབ་སྐྱོར་ཆེན་པོ་གནང་བར་སྙིང་ཐག་པ་ནས་བཀའ་དྲིན་ཞུ་བཞིན་ཡོད། ནེ་པ་ལས་ཀྲུང་གོ་དང་མཉམ་དུ་འབད་བརྩོན་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་བར་བྱུང་བའི་ཐུན་མོང་གི་ལྟ་བ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ། རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་འདོད་ཡོད་ཟེར།

ཉིན་དེར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་དང་ནེ་པ་ལའི་ཙུང་ལི་ཨོ་ལེ་གཉིས་ཀྱིས་ཀྱང་ཕན་ཚུན་ལ་རྟེན་འབྲེལ་ཞུ་བའི་གློག་འཕྲིན་བཏང་། ལིས་ཁི་ཆང་གིས་རྟེན་འབྲེལ་ཞུ་བའི་གློག་འཕྲིན་ནང་བསྟན་དོན། ད་ལོར་ཀྲུང་གོ་དང་ནེ་པ་ལ་ཕྱོགས་གཉིས་ཀྱིས་ལག་གདང་མཉམ་སྦྲེལ་གྱིས་པྲོག་གསར་གློ་ཚད་རིམས་ནད་ལ་འགོག་རྒོལ་བྱས་པས། རྒྱལ་ཁབ་གཉིས་བར་གྱི་ཡིད་ཆེས་དང་མཛའ་བརྩེ་སྔར་ལས་ཇེ་ཟབ་ཏུ་སོང་ཡོད། ཀྲུང་གོས་ནེ་པ་ལ་ཕྱོགས་དང་མཉམ་དུ། ཁྱབ་ཁོངས་སོ་སོ་དང་ཕྱོགས་ཡོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་པ་དང་། རྒྱུད་གཅིག་ལམ་གཅིག་སྤུས་ཚད་མཐོན་པོས་མཉམ་སྐྲུན་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཆུ་ཚད་གསར་བ་ཞིག་ཏུ་གོང་འཕེལ་ལ་གཏོང་འདོད་ཡོད་ཟེར། ཨོ་ལེ་ཡིས་རྟེན་འབྲེལ་ཞུ་བའི་གློག་འཕྲིན་ནང་བསྟན་དོན། འབྲེལ་བ་བཙུགས་རྗེས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་རྒྱུན་སྲིང་དང་གཏན་འཇགས། བདེ་ཐང་བཅས་ཀྱི་སྒོ་ནས་གོང་འཕེལ་དུ་སོང་ཡོད། ནེ་པ་ཕྱོགས་ཀྱིས་ཀྲུང་གོས་ནེ་པ་ལའི་པྲོག་གསར་གློ་ཚད་རིམས་ནད་འགོག་རྒོལ་ཐད་རྒྱབ་སྐྱོར་བྱས་པར་བཀའ་དྲིན་ཞུ་བཞིན་ཡོད་ལ། ཀྲུང་གོའི་བར་གྱི་མཉམལས་ཇེ་ཟབ་ཏུ་བཏང་སྟེ། དཔལ་འབྱོར་བསྐྱར་དར་མངོན་འགྱུར་བྱས་ཏེ། ཕྱོགས་གཉིས་ཀྱི་འབྲེལ་བ་གོང་འཕེལ་སྔར་ལས་ཆེན་པོ་གཏོང་འདོད་ཡོད་ཟེར།

                                                                                                                              ལོ་ཙཱ་བ། ཕྱུག་ལོ།