ཟླ་བདུན་པའི་ཚེས་ཉེར་བརྒྱད་ཉིན་གྱི་ཚུན་ལ། ཟི་ལིང་གྲོང་ཁྱེར་གྱི་ཏང་ཨུའི་ཧྲུའུ་ཅི་ཝང་ཞའོ་རྟ་ཐང་རྫོང་དང་སྟོང་སྐོར་རྫོང་། ཧོང་ཀྲུང་ས་ཁུལ་བཅས་སུ་སོང་སྟེ། དབུལ་མཐར་མཁྲེགས་གཏོར་དང་དབུལ་ཐར་མཁྲེགས་གཏོར་གྱི་ཁྱབ་ཞིབ་བྱ་བར་ལྟ་རྟོག་མཛུབ་སྟོན་བྱས་པ་དང་། དཀའ་ཁག་ཆེ་བའི་མང་ཚོགས་ལ་ཁམས་འདྲི་བྱས། ཁོས་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བྱེད་པ་རྒྱུན་འཁྱོངས་བྱེད་དགོས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དབུལ་སྐྱོར་བྱ་བའི་སྐོར་གྱི་རྒྱས་བརྗོད་གལ་ཆེན་ལ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས་ཏེ། བློ་བརྟན་འགྱུར་མེད་སྒོས་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་ཞིང་ཆེན་དང་གྲོང་ཁྱེར་གྱི་བཀོད་སྒྲིག་རེ་བ་ལག་ལེན་དངོས་འབེབ་བྱེད་པ་དང་། ཧུར་ཐག་སྒོས་རིམས་ནད་ཀྱི་ཤུགས་རྐྱེན་ཁྱད་བསལ་བྱེད་པ་དང་དཀའ་སྤྱད་འབད་བརྩོན་བྱས་ཏེ། གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་རྒྱལ་ཁའི་གྲུབ་འབྲས་རྒྱ་བསྐྱེད་པ། ཚད་གཞི་མཐོ་བ་དང་སྤུ་ཚད་མཐོ་བའི་སྒོ་ནས་ཁྱབ་ཞིབ་བྱ་བའི་ལས་འགན་ཡོངས་འགྲུབ་བྱེད་དགོས་ལ། གྲོང་ཁྱེར་ཡོངས་ཀྱི་དབུལ་ཐར་མཁྲེགས་གཏོར་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་ཐོབ་པར་བརྩོན་ལེན་བྱེད་པ་དང་། ཏང་གི་སེམས་བདེ་བ་དང་མི་དམངས་མང་ཚོགས་ཡིད་ཚིམས་པའི་ཟི་ལིང་གི་དབུལ་ཐར་མཁྲེགས་གཏོར་གྱི་བྱ་བའི་རྣམ་པ་བཟང་བོ་བསྐྲུན་དགོས།
ཝང་ཞའོ་སོགས་སྔ་གཞུག་ཏུ་རྟ་ཐང་རྫོང་ཏུང་ཞཱ་གྲོང་རྡལ་ཁི་མཱ་སྡེ་བ་དང་རྟ་ཐང་རྫོང་དབུལ་ཐར་ཁྱབ་ཞིབ་གཞུང་སྒྲུབ་ཁང་གཞི་གྲངས་དཔྱད་ཞིབ་ལྟེ་གནས། སྟོང་སྐོར་རྫོང་ཏཱ་ཧྭ་གྲོང་རྡལ་མའོ་པུའུ་ལཱ་སྡེ་བ། ཧོང་ཀྲུང་ས་ཁུལ་ཞི་པའོ་གྲོང་རྡལ་ཆིན་ཧྲན་སྡེ་བ་བཅས་ཀྱི་ཞིང་ཁ་དང་། སྡེ་བ་རིམ་པའི་ཕྱོགས་བསྡུས་ཞབས་ཞུའི་ལྟེ་གནས། ཞིང་བའི་ཁྱིམ་ཚང་བཅས་སུ་སོང་སྟེ། དབུལ་ཐར་མཁྲེགས་གཏོར་གྱི་ཁྱབ་ཞིབ་བྱ་བ་སྤེལ་བའི་བྱ་བའི་མི་སྣ་དག་དང་གླེང་མོལ་བྱས་པ་དང་། དབུལ་ཐར་མཁྲེགས་གཏོར་གྱི་ཁྱབ་ཞིབ་བྱ་བ་སྤེལ་བའི་གནས་ཚུལ་དང་། ཆབ་སྲིད་སྐྱོང་བ་དང་ཆེ་ཕྱོགས་བསམ་པ། ཚད་གཞི་ནན་མོ་ཡིན་པ། སྤུས་ཚད་མཐོ་བ། སྒྲིག་ལམ་སྲུང་བ་སོགས་ཀྱི་ཐད་ནས་ཁྱབ་ཞིབ་བྱ་བར་ཁས་ལེན་གང་ལེགས་བྱས་པ་དང་། ཁྱབ་ཞིབ་བྱེད་པའི་ལས་བྱེད་མི་སྣ་དང་རྒྱལ་ཁབ་བསྡོམས་རྩིས་ཞིབ་བཤེར་སྡེ་ཁག་གི་བློ་མཐུན་རྣམས་ལ་ལྷག་བསམ་རྣམ་དག་གི་འཚམས་འདྲི་བྱས་པར་མ་ཟད། ཚང་མས་འགན་འཁྲི་གསལ་བོར་ངེས་པར་བྱེད་པ་དང་ནན་ཏན་གྱིས་འགན་ཁུར་བ་རྒྱུན་འཁྱོངས་བྱས་ཏེ། བྱ་བའི་སྒྲིག་ལམ་ནན་སྲུང་དང་ས་ཁུལ་སོ་སོའི་འབྲེལ་ཡོད་སྡེ་ཁག་གི་གཞོགས་འདེགས་བཟང་བོའི་འོག་དང་། རྒྱལ་ཁབ་བསྡོམས་རྩིས་ཅུའུ་ཡི་ཟི་ལིང་རྟོག་ཞིབ་རུ་ཁག་གི་མཛུབ་སྟོན་འོག ཏང་ཀྲུང་དབྱང་གིས་སྤྲད་པའི་བྱ་བའི་ལས་འགན་དངོས་འབེབ་དང་ཡོངས་འགྲུབ་གང་ལེགས་བྱེད་དགོས་པའི་རེ་བ་བཏོན། རྟོག་ཞིབ་བྱེད་སྐབས་དཀའ་ཁག་ཆེ་བའི་མང་ཚོགས་ཨན་ཅིན་པའོ་དང་ཨན་ཅིན་ཀྲིན། ཧྲི་ཡུག་ལིན། ཧྲི་ཧྲིན་ཚང་། ཀྲའོ་ཧྲིན་ཚེ། ཀྲང་ཝན་ཅོན་བཅས་ཀྱི་ཁྱིམ་དུ་སོང་ནས། དབུལ་སྐྱོར་སྲིད་ཇུས་དངོས་འབེབ་བྱས་པའི་གནས་ཚུལ་དང་། ཁྱིམ་ཚང་གི་ཡོང་འབབ། ཐོན་སྐྱེད་འཚོ་བའི་གནས་ཚུལ་སོགས་ཞིབ་ཏུ་དྲིས་པ་དང་། ཁོ་ཚོས་ཏང་གི་མགོ་ཁྲིད་འོག་འཚོ་བ་སྔར་ལས་ཇེ་བཟང་དུ་འགྲོ་བར་ཡིད་ཆེས་བརྟན་པོ་འཛིན་དགོས་པའི་སྐུལ་མ་བཏང་།
ལོ་ཙཱ་བ། བསོད་ནམས་ཚེ་རིང་།