མཚོ་སྔོན་ཞིང་ཆེན་ཁོངས་གཏོགས་ཀྱིས་རྒྱལ་དབང་ཁེ་ལས་ཀྱི་དབུལ་ཐར་མཁྲེགས་གཏོར་ལས་དོན་གྱི་སྐུལ་འདེད་ཚོགས་འདུ་བསྡུས།
2020.08.02 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 38

ཟླ་བདུན་པའི་ཚེས་སོ་གཅིག་ཉིན། ཞིང་ཆེན་ཁོངས་གཏོགས་ཀྱི་རྒྱལ་དབང་ཁེ་ལས་ཀྱི་དབུལ་ཐར་མཁྲེགས་གཏོར་ལས་དོན་ལ་སྐུལ་འདེད་གཏོང་བའི་ཚོགས་འདུ་འཚོགས་ནས། ཧྲིན་ཀྲང་གཞོན་པ་དང་ཞིང་ཆེན་རྒྱལ་དབང་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ལིས་མེན་ཚོགས་འདུར་ཞུགས་ནས་གཏམ་བཤད།

ཝང་ལིས་མེན་གྱིས་བསྟན་དོན། དབུལ་ཐར་མཁྲེགས་གཏོར་ལས་དོན་སྤེལ་ཚུན། ཞིང་ཆེན་ཁོངས་གཏོགས་ཀྱི་རྒྱལ་དབང་ཁེ་ལས་ཀྱིས་རྒྱལ་དབང་རྒྱུ་ནོར་དང་རྒྱལ་དབང་ཁེ་ལས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ། དབུལ་ཐར་མཁྲེགས་གཏོར་གྱི་ཆབ་སྲིད་འགན་འཁྲི་ཏན་ཏིག་འཁུར་བར་བརྟེན། མངོན་གསལ་དོད་པའི་རོགས་སྐྱོར་གྲུབ་འབྲས་ཐོབ་པས་ཁས་ལེན་གང་ལེགས་བྱེད་འོས་པ་ཞིག་རེད། ད་ལོ་ནི་དབུལ་ཐར་མཁྲེགས་གཏོར་ལ་རྒྱལ་ཁ་ཕུ་ཐག་ཆོད་པའི་མཇུག་བསྡུའི་ལོ་ཞིག་ཡིན། མིག་སྔར་མཐའ་མའི་གདོང་མཆོང་གི་འགག་རྩའི་དུས་སྐབས་སུ་སླེབས་ཡོད་པས། ཞིང་ཆེན་ཁོངས་གཏོགས་ཀྱི་རྒྱལ་དབང་ཁེ་ལས་ཀྱིས་ཆབ་སྲིད་ཀྱི་ཚུགས་གནས་སྔར་ལས་མཐོ་རུ་གཏོང་དགོས། རྒྱལ་དབང་ཁེ་ལས་ཀྱི་འགན་འཁྲི་འཁུར་ཤུགས་ཆེ་རུ་གཏོང་དགོས། མིག་སྔའི་ལས་དོན་ཁྲོད་གནས་པའི་གནད་དོན་ལ་ངོས་འཛིན་གསལ་པོ་བྱེད་པ་དང་གཞུང་ཁོངས་ཁེ་ལས་ཀྱིས་དབུལ་ཐར་མཁྲེགས་གཏོར་གྱི་དམག་འཐབ་ལ་རྒྱལ་ཁ་ཕུ་ཐག་ཆོད་པ་དང་རྒྱལ་ཁ་ཕུ་ཐག་ཆོད་པའི་ནུས་པ་གལ་ཆེན་འདོན་སྤེལ་གང་ལེགས་བྱེད་དགོས།

ཝང་ལིས་མེན་གྱིས་ནན་གྱིས་བསྟན་དོན། ཞིང་ཆེན་ཁོངས་གཏོགས་ཀྱི་རྒྱལ་དབང་ཁེ་ལས་ཀྱིས་གཙོ་གནད་ལས་འགན་དོན་འཁྱོལ་ལ་སྔར་ལས་ཤུགས་སྣོན་རྒྱག་པ་དང་རྒྱལ་དབང་ཁེ་ལས་ཀྱིས་དབུལ་ཐར་མཁྲེགས་གཏོར་དམག་འཐབ་ལ་རྒྱལ་ཁ་ཕུ་ཐག་ཆོད་པའི་ནུས་པ་དང་ཆུ་ཚད་མཐོ་རུ་གཏོང་རྒྱུར་ཤུགས་སྣོན་རྒྱག་དགོས། རྒྱལ་དབང་ཁེ་ལས་ལས་རིགས་ཀྱི་བཟང་ཆ་འདོན་སྤེལ་གང་ལེགས་དང་། ཐོན་ལས་དབུལ་སྐྱོར་དང་འཛད་སྤྱོད་དབུལ་སྐྱོར་ལས་དོན་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བ། སྐོར་ཞིབ་གནད་དོན་དག་ཐེར་ཡོ་བསྲང་དམ་འཛིན་ནན་ཏན་བྱེད་དགོས། ཏང་འཛུགས་སྐྱོང་གི་སྣེ་ཁྲིད་བྱེད་ཤུགས་ཆེ་རུ་བཏང་ནས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་སྤྲད་པའི་དབུལ་ཐར་མཁྲེགས་གཏོར་གྱི་ལས་འགན་སྤུས་ཚད་མཐོ་བའི་སྒོ་ནས་ལེགས་སྒྲུབ་བྱེད་པ། དབུལ་སྐྱོར་ལས་ཀའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་བསམ་བློའི་དགོངས་དོན་གྱི་ངོ་བོར་གོ་བ་ལེན་པ་དང་ཁོང་དུ་འཕྱུགས་མེད་ཆུད་པར་བྱས་ནས། དབུལ་ཐར་མཁྲེགས་གཏོར་དང་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་འབྲེལ་མཐུད་ནུས་ལྡན་ཡོང་བར་མུ་མཐུད་དུ་སྐུལ་འདེད་གཏོང་དགོས། སྲིད་ཇུས་དང་བྱེད་ཐབས་འབྲེལ་མཐུད་དང་། ནང་གནས་སྒུལ་ཤུགས་འབྲེལ་མཐུད། ཐོན་ལས་འཕེལ་རྒྱས་འབྲེལ་མཐུད་བཅས་ལ་དོ་སྣང་བྱས་ཏེ། དབུལ་ཐར་གྲུབ་འབྲས་སྲ་བརྟན་དུ་བཏང་ནས་དབུལ་ཐར་བྱས་ཟིན་པའི་གྲོང་གསེབ་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་དབུལ་ཐར་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་ཇེ་ལེགས་སུ་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་ཟེར།

ལོ་ཙཱ་བ། བན་དེ་སྐྱབས།