ཞིན་ཁྲང་ཞིན་གྱིས་འགོ་འཛིན་བྱས་ཏེ་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་གྲོས་ཚོགས་དང་རྒྱུན་ལས་གྲོས་ཚོགས་བསྡུས།
2020.08.05 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 17

ཟླ་བརྒྱད་པའི་ཚེས་བཞི་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ།  ཞིང་ཆེན་གྱི་ཧྲིན་ཀྲང་ཚབ་མ། ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅི་ཞིན་ཁྲང་ཞིན་གྱིས་འགོ་འཛིན་བྱས་ཏེ་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་གྲོས་ཚོགས་དང་རྒྱུན་ལས་གྲོས་ཚོགས་བསྡུས་ཤིང་། ཚོགས་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཏེ། སྐྱེ་ཁམས་སྲུང་སྐྱོབ་དང་བཅོས་སྐྱོང་བྱེད་པའི་རིན་ཐང་ཆེ་བའི་སྨན་སྤྱོད་རྒྱུ་ཆ་བཅོས་སྒྱུར་སོགས་ཀྱི་ལས་དོན་ལ་ཞིབ་འཇུག་བྱས།

ཚོགས་ཐོག་ནས་ཟླ་བདུན་པའི་ཚེས་ཉེར་བརྒྱད་ཉིན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་ཕྱིའི་མི་སྣའི་བཞུགས་མོལ་ཚོགས་འདུའི་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་ནས་ནན་གྱིས་བསྟན་དོན། དགོངས་དོན་གྱི་ངོ་བོར་གོ་བ་ཟབ་མོ་ལེན་པ་དང་མིག་སྔའི་དཔལ་འབྱོར་དུས་བབ་ལ་ངོས་འཛིན་ཡང་དག་བྱེད་པ། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་དང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་མཐའ་འཁྱོངས། ལས་དོན་སྒྲུབ་ཤུགས་ཆེ་རུ་གཏོང་བ། ལས་ཀའི་གོམ་སྟབས་མགྱོགས་སུ་བཏང་ནས། “མཐའ་མའི་གདོང་མཆོང”གི་རྣམ་པར་བརྟེན་ནས“བརྟན་འཇགས་དྲུག”དང“འགན་སྲུང་དྲུག”གི་ལས་དོན་ཏན་ཏིག་ངང་ཡག་པོ་སྒྲུབ་དགོས། རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གཅིག་གྱུར་བཀོད་སྒྲིག་དང་སྐུལ་འདེད་བཏང་ནས། ལོ་ཧྲིལ་པོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་ལས་འགན་ཁག་ལེགས་སྒྲུབ་ཧུར་ཐག་བྱེད་དགོས། ཏང་ཕྱིའི་མི་སྣ་དང་མཉམ་ལས་མཉམ་སྒྲུབ་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས། བཅོས་སྒྱུར་སྒོ་འབྱེད་ལ་སྐུལ་འདེད་གཏོང་བ་དང་ཉེན་ཁ་དང་འགྲན་སློང་ལས་རྣམ་པར་རྒྱལ་ཆེད་ཐུན་མོང་གི་ངོས་འཛིན་རྒྱ་ཁྱབ་དང་སྟོབས་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་དགོས།

ཚོགས་འདུའི་ཐོག《མཚོ་སྔོན་ཞིང་ཆེན་རིམ་པའི་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་འགན་འཁྲིའི་གསལ་ཐོར》གྲོས་ཞིབ་བྱས་ནས་རྩ་དོན་ཐོག་གྲོས་འཆམ་བྱུང་བ་རེད། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་འགན་འཁྲིའི་གསལ་ཐོ་བཟོ་བ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ“ཆེས་ཆེ་ཤོས་གསུམ”གྱི་བླང་བྱ་གལ་ཆེན་ལག་བསྟར་དོན་འཁྱོལ་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་རེད། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་ལག་བསྟར་ནན་ཏན་བྱེད་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་བླང་བྱ་ལྟར། འགན་འཁྲི་གསལ་རྟོགས་བྱ་རྒྱུ་དེ་སྔོན་འགྲོའི་ཆ་རྐྱེན་དང་འགན་འཁྲི་འཁུར་རྒྱུ་འགག་རྩར་འཛིན་པ། འགན་འཁྲི་རྩད་གཅོད་བྱེད་ཐབས་སུ་བཟུང་ནས། སྐྱེ་ཁམས་དམ་འཛིན་མ་བྱས་ན་འགན་འཛོལ་ཡིན་པ་དང་སྐྱེ་ཁམས་དམ་འཛིན་ལེགས་པོ་བྱེད་མ་ཐུབ་ན་ལས་སྒོ་མི་འཕེར་བའི་འདུ་ཤེས་བརྟན་པོ་བཙུགས་ཏེ། “ཏང་སྲིད་འགན་འཁྲི་གཅིག་མཚུངས”ཀྱིས་མཉམ་དུ་ཤུགས་རྒྱག་པ་དང་། “ལས་གནས་གཅིག་ལ་འགན་འཁྲི་གཉིས”ཀྱིས་མཉམ་དུ་ལན་འདེབས་ཐུབ་པ་བྱེད་དགོས། “རྨ་འབྲི་རྫ་གསུམ་འབྱུང་ཡུལ”དང་“ཀྲུང་ཧྭའི་ཆུ་མཛོད”ལ་སྲུང་སྐྱོབ་ཡག་པོ་བྱེད་དགོས།

ཚོགས་འདུའི་ཐོག《མཚོ་སྔོན་ཞིང་ཆེན་བཅོས་སྐྱོང་གི་རིན་ཐང་མཐོ་བའི་སྨན་སྤྱོད་རྒྱུ་ཆ་བཅོས་སྒྱུར་ལག་བསྟར་ཇུས་གཞིར》གྲོས་ཞིབ་བྱས་ནས་རྩ་དོན་ཐོག་ནས་གྲོས་འཆམ་བྱུང་། རིན་ཐང་མཐོ་བའི་སྨན་སྤྱོད་རྒྱུ་ཆ་ནི་ཐོག་མཐའ་བར་གསུམ་དུ་སྤྱི་ཚོགས་ཀྱིས་དོ་ཁུར་བྱེད་པའི་གླེང་མང་བའི་གནད་དོན་ཞིག་ཡིན་པས་བཅོས་སྒྲིག་དང་བཅོས་སྒྱུར་བྱེད་དགོས་ངེས་རེད། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་བརྟན་པོ་འཛུགས་པ་དང་མི་རྩ་བར་འཛིན་རྒྱུ་མཐའ་འཁྱོངས། བསྒྱུར་བཅོས་ཟབ་སྤེལ་དང་ལམ་ལུགས་ལེགས་བཅོས། སྲིད་ཇུས་འཐུས་ཚང་། བྱེད་སྟངས་གསར་གཏོད་བཅས་བྱེད་པར་བརྟེན་ནས། གཤོང་འགོག་མཉམ་འཛིན་དང་སྨན་གསུམ་མཉམ་འགུལ། ཕྱོགས་བསྡུས་ཇུས་བསྟར་བཅས་བྱ་དགོས། ཆུ་བཙིར་གནོན་གང་ཐུབ་དང་ཁྱབ་ཁོངས་རྒྱ་སྐྱེད་ལུགས་མཐུན། ལས་རིགས་འཕེལ་རྒྱས་ཚད་ལྡན་བཅས་བྱ་དགོས། སྲིད་ཇུས་མཉམ་འགུལ་གྱི་ཕན་ནུས་འདོན་སྤེལ་བྱས་ནས་སྨན་བཅོས་འགན་སྲུང་གི་དྲང་སྙོམས་རང་བཞིན་དང་མཐུན་སྦྱོར་རང་བཞིན། རྒྱུན་མཐུད་རང་བཞིན་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས། མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སེམས་དང་བདེ་འཇགས་ཚོར་སེམས། བདེ་སྐྱིད་ཚོར་སེམས་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་ཟེར།

ཚོགས་འདུའི་ཐོག་ད་དུང་བྱ་བ་གཞན་དག་ལའང་ཞིབ་འཇུག་བྱས།

ལོ་ཙཱ་བ། བན་དེ་སྐྱབས།