ཞིན་ཁྲང་ཞིང་གིས་མཚོ་བྱང་ཁུལ་དུ་རྟོག་ཞིབ་བྱེད་སྐབས་གསེར་རི་དངུལ་རིའི་འདུ་ཤེས་ལག་ལེན་ཟབ་མོ་བྱས་ཏེ་ཧུར་ཐག་གིས་སྐྱེ་ཁམས་ཀྱི་ཁྱད་སྟོབས་དེ་དཔལ་འབྱོར་གྱི་ཁྱད་སྟོབས་སུ་བསྒྱུར་དགོས་པ་ནན་གྱིས་བསྟན།
2020.08.09 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 28

ཟླ་བརྒྱད་པའི་ཚེས་བརྒྱད་ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཚབ་མ་ཞིན་ཁྲང་ཞིང་གིས་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་དུ་རྟོག་ཞིབ་བྱེད་སྐབས། རི་ལྗང་ཆུ་དྭངས་གསེར་དངུལ་རི་ལས་ལྷག་པའི་འཕེལ་རྒྱས་ཀྱི་འདུ་ཤེས་བརྟན་པོར་འཛུགས་པ་དང་ལག་ལེན་བྱས་ཏེ། སྡེ་བར་ཐུན་མོང་དཔལ་འབྱོར་ཡོད་པར་བྱེད་པའི་བཟོ་སྐྲུན་ལག་བསྟར་ཟབ་མོ་བྱེད་པ་དང་། ལྗང་མདོག་སྐྱེ་ཁམས་ཐོན་ལས་མ་ལག་འབད་པས་བཙུགས་ནས། ཧུར་ཐག་གིས་སྐྱེ་ཁམས་ཀྱི་ཁྱད་སྟོབས་དེ་དཔལ་འབྱོར་གྱི་ཁྱད་སྟོབས་སུ་བསྒྱུར་དགོས་ཞེས་ནན་གྱིས་བསྟན།

དབུལ་ཕོངས་ལས་ཐར་ཟིན་པའི་ཧེ་ཡན་རྫོང་གསེར་དངུལ་ཐང་ཡུལ་ཚོ་སྟོང་མདའ་སྡེ་བ་རུ། ཞིན་ཁྲང་ཞིང་གསོ་སྤེལ་ཁང་དང་ནས་ཞིང་།རྒན་པའི་བདེ་སྐྱིད་གླིང་བཅས་སུ་སོང་ནས། འབྲེལ་ཡོད་གནས་ཚུལ་ལ་རྒྱུས་ལོན་བྱས། སྡེ་མི་ཚོས་ད་ལོར་ནོར་ལུག་གསོས་ཏེ་ཡོང་སྒོ་ཐོབ་པ་དང་། འཚོ་བ་སྔར་ལས་ཇེ་སྐྱིད་དུ་སོང་ཞིང་། སྡེ་བའི་ཐུན་མོང་དཔལ་འབྱོར་ཡང་དར་བ་བཅས་ཀྱི་གནས་ཚུལ་བཤད་པ་གོ་རྗེས། ཞིན་ཁྲང་ཞང་གིས་དགའ་སྤྲོའི་ངང་བཤད་རྒྱུར། སྡེ་བའི་ཐུན་མོང་དཔལ་འབྱོར་ནི་གཞི་རིམ་ཏང་རྩ་འཛུགས་ཀྱི་རྩ་འཛུགས་ནུས་ཤུགས་དང་མཐུན་སྒྲིལ་ནུས་ཤུགས། འཐབ་འཛིང་ནུས་ཤུགས་བཅས་དང་འབྲེལ་ཡོད་ལ། དབུལ་ཐར་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་མང་ཚོགས་ཀྱི་ཡོང་འབབ་རྒྱུན་སྲིང་ངང་འཕར་བར་འབྲེལ་ཡོད་པས། བསམ་བློའི་འདུ་ཤེས་རྒྱུན་མ་ཆད་པར་བསྒྱུར་ནས། ཞིང་ལས་འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་ཟབ་མོར་སྤེལ་བ་དང་། ཐོན་ལས་འབྲེལ་ཐག་དང་ཞབས་ཞུའི་འབྲེལ་ཐག་འཐུས་ཚང་དུ་གཏོང་བ། ལག་རྩལ་རྒྱབ་རྟེན་དང་ཕྱུགས་ཟོག་རིམས་འགོག་སོགས་ཀྱི་བྱ་བ་བཟང་པོར་སྒྲུབ་པ། འཕར་སྣོན་གྱི་རྣམ་པ་སྲུང་འཛིན་བཅས་བྱས་ནས། སྡེ་བའི་ཐུན་མོང་དཔལ་འབྱོར་དར་རྒྱས་སུ་བཏང་སྟེ། ཞང་སྡེ་དར་སྤེལ་བྱེད་པར་རྒྱབ་རྟེན་ཆེན་པོ་འདོན་སྤྲོད་བྱེད་དགོས། སྐྱེ་ཁམས་ཀྱི་ཁྱད་སྟོབས་འདོན་པ་དང་། སྒོ་འབྱེད་རྣམ་པའི་ལས་སྟེགས་བསྐྲུན་ཞིང་། སློབ་གྲྭ་ཆེན་མོ་བ་དང་ན་གཞོན་པ་སྔར་ལས་མང་བོ་ལས་སྐྲུན་ལས་ཞུགས་བྱེད་པར་བཀུག་སྟེ། རྨང་གཞི་མཐོ་བ་དང་ཚད་གཞི་མཐོ་བ། རྒྱུ་སྤུས་མཐོ་བ་བཅས་ཀྱི་སྒོ་ནས་སྡེ་བའི་ཐུན་མོང་དཔལ་འབྱོར་གཉེར་དགོས། དབུལ་ཕོངས་ལས་ཐར་ཟིན་པའི་ཁྱིམ་ཚང་དང་། དབུལ་ཕྱུག་གཉིས་ཀྱི་བར་མཚམས་སུ་གནས་པའི་ཁྱིམ་ཚང་། ཕྱིར་དབུལ་ཕོངས་སུ་འགྱུར་སླ་བའི་ཁྱིམ་ཚང་བཅས་ལ་འགུལ་རྣམ་ལྟ་ཞིབ་ཚད་ལེན་བཟང་བོ་བྱེད་རྒྱུ་མ་ཟད་དུས་ལྟར་རོགས་སྐྱོར་བྱས་ཏེ། རོང་འབྲོག་མང་ཚོགས་ཀྱི་ཁུར་པོ་ཇེ་ཡང་དུ་བཏང་སྟེ། ནད་དང་གནོད་འཚེ། རིམས་ནད་བཅས་ལ་བརྟེན་ནས་ཡང་བསྐྱར་དབུལ་བོར་མི་འགྱུར་བར་ཁག་ཐེག་བྱེད་དགོས། ཁོས་ད་དུང་རྒན་པའི་བདེ་སྐྱིད་གླིང་ནས་རྒན་པ་ཚོའི་འཚོ་བའི་གནས་ཚུལ་དྲིས་པ་དང་། སྡེ་བར་རྒན་པ་རྣམས་ཀྱི་འཚོ་བར་ལྟ་སྐྱོང་བཟང་བོ་བྱེད་དགོས་ལ། རིམས་ནད་འགོག་སྡོམ་དང་རྒྱུན་མཐོང་ནད་འགོག་བཅོས་སོགས་ཀྱི་བྱ་བ་བཟང་བོར་བསྒྲུབ་དགོས་པའི་མངགས་བཅོལ་གནང་།

མཚོ་སྔོན་པོའི་འགྲམ་གྱི་བུན་རྒྱ་ཕྱུགས་ར་ནས། ཞིན་ཁྲང་ཞིང་གིས་ས་དེར་ཡུལ་སྐོར་དུ་ཡོང་བའི་མི་དག་ལ་ཁ་བརྡ་བྱས་ཏེ། ཁོ་ཚོར་རབ་མཛེས་མཚོ་སྔོན་ངོ་སྤྲོད་བྱས་པ་དང་། ཁོ་ཚོའི་བསམ་འཆར་དང་གྲོས་གཞི་ལ་ཉན། ཁོས་བཤད་རྒྱུར། རིན་ཐང་མཚོན་པ་དང་འགན་འཁྲི་ཁུར་བ། སྦས་ཤུགས་སྔོག་པ་བཅས་ལ་གཙིགས་འཛིན་བྱེད་པ་དང་། སྲུང་སྐྱོབ་ཀྱི་ཁྲོད་དུ་གོང་སྤེལ་དང་གོང་སྤེལ་གྱི་ཁྲོད་དུ་སྲུང་སྐྱོབ་བྱས་ཏེ། བྱ་སྤྱོད་དངོས་ལས་ཆེས་ཆེ་བ་གསུམ་གྱི་བླང་བྱ་གལ་ཆེན་ལག་ལེན་བྱས་ནས། རབ་མཛེས་མཚོ་སྔོན་གྱི་སྔོ་ལྗང་དྭངས་གཙང་གི་རི་ཆུ་དེ་ཞང་སྡེ་དར་སྤེལ་གྱི་སྦས་ཤུགས་དང་རྒྱུ་ནོར་རུ་འགྱུར་བྱེད་པ་དང་། རོང་འབྲོག་མང་ཚོགས་ལ་རྒྱུས་མངའ་ཆེ་བའི་སྲོལ་རྒྱུན་རིག་གནས་དེ་ཞང་སྡེའི་ཡུལ་སྐོར་དར་སྤེལ་གྱི་ཐུན་མོང་ཐོན་ཁུངས་སུ་འགྱུར་བར་བྱས་ནས། དངོས་ནས་སྔོ་ལྗང་དྭངས་གཙང་གི་རི་ཆུ་དེ་གསེར་རི་དངུལ་རི་ལ་འགྱུར་བར་བྱེད་དགོས།

མཚོ་སྔོན་པོའི་བྱང་འགྲམ་གྱི་ཁི་ཐུའུ་བྱེ་འགོག་བྱེ་བཅོས་ཕྱོགས་བསྡུས་ཚོད་ལྟའི་ཁུལ་གྱི་ལྗང་མཐོང་བསིལ་ཁང་ནས། ལོ་ངོ་བཞི་བཅུའི་རིང་ལ་འབད་བརྩོན་བྱས་པ་ལས་གྲུབ་པའི་ལྗང་མདོག་གི་རྣམ་པ་མཐོང་རྗེས། ཞིན་ཁྲང་ཞིང་གིས་བཤད་རྒྱུར། མིའི་སྲོག་རྩ་ཞིང་ལ་ཐུག་པ་དང་ཞིང་གི་སྲོག་རྩ་ཆུ་ལ་ཐུག་ཅིང་། ཆུའི་སྲོག་རྩ་རི་ལ་ཐུག་པ་དང་། རིའི་སྲོག་རྩ་ས་ལ་ཐུག་ཅིང་། སའི་སྲོག་རྩ་སྡོང་བོར་ཐུག་ཡོད་པས། རི་ཆུ་ནགས་ཞིང་མཚོ་རྩྭའི་སྲོག་རྩ་མཉམ་འབྲེལ་གྱི་འདུ་ཤེས་བརྟན་པོར་བཙུགས་ཏེ། སྐྱེ་ཁམས་ཕྱོགས་བསྡུས་བཅོས་སྐྱོང་དང་མ་ལག་བཅོས་སྐྱོང་། འགོ་ཁུངས་བཅོས་སྐྱོང་བཅས་ཇེ་དྲག་ཏུ་བཏང་སྟེ། སྐྱེ་ཁམས་མ་ལག་གི་སྲུང་སྐྱོབ་དང་ཉམས་གསོ་གཅིག་གྱུར་གྱིས་སྤེལ་དགོས། འབུ་གནོད་འགོག་བཅོས་དང་ཤིང་ནགས་སྲུང་སྐྱོབ་ལ་ཤུགས་སྣོན་པ་དང་། བྱེ་བཅོས་ནགས་སྐྲུན་གྱི་ཆོས་ཉིད་འཚོལ་ཞིབ་དང་བརྩི་སྲུང་བྱས་ནས། སྐྱེ་ཁམས་ཁོར་ཡུག་ལ་རྒྱུན་མ་ཆད་པར་སྲུང་སྐྱོབ་དང་ལེགས་བཅོས་བྱས་ཏེ། མི་རབས་ནས་མི་རབས་སུ་སྔོ་ལྗང་དྭངས་གཙང་གི་རི་ཆུ་འདི་ལ་སྲུང་སྐྱོབ་བཟང་བོ་བྱས་ནས། དཔལ་འབྱོར་སྤྱི་ཚོགས་རྒྱུན་སྲིང་འཕེལ་རྒྱས་ཀྱི་རྨང་གཞི་སྲ་བརྟན་དུ་གཏོང་དགོས་ཟེར།

ཉི་མ་སྒྲོལ་མས་མཉམ་དུ་རྟོག་ཞིབ་བྱས།

ལོ་ཙཱ་བ། ཕྱུག་ལོ།