ལིའུ་ཐའོ་ཞིང་ཆེན་ཡོངས་ཀྱི་ཞིང་སྡེའི་ཞིང་ས་གང་འདོད་དུ་བཟུང་སྟེ་ཁང་པ་ལས་པའི་གནད་དོན་དག་ཐེར་བྱ་བའི་བརྙན་འཕྲིན་ཁ་པར་གྲོས་ཚོགས་ལ་ཞུགས་ནས་གཏམ་བཤད།
2020.08.09 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 25

ཟླ་བརྒྱད་པའི་ཚེས་བདུན་ཉིན། ཧྲིན་ཀྲང་གཞོན་པ་ལིའུ་ཐའོ་ཞིང་ཆེན་ཡོངས་ཀྱི་ཞིང་སྡེའི་ཞིང་ས་གང་འདོད་དུ་བཟུང་ནས་ཁང་པ་ལས་པའི་གནད་དོན་དག་ཐེར་བྱ་བའི་བརྙན་འཕྲིན་ཁ་པར་གྲོས་ཚོགས་ལ་ཞུགས་པ་མ་ཟད་གཏམ་བཤད། ཚོགས་འདུའི་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་རྒྱལ་ཡོངས་བརྙན་འཕྲིན་ཁ་པ་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱས་པ་དང་། རང་ཞིང་གི་དག་ཐེར་བྱ་བར་བཀོད་སྒྲིག་བྱས།

ལིའུ་ཐའོ་ཡིས་བསྟན་དོན། ཞིང་སྡེའི་ཞིང་ས་གང་འདོད་དུ་བཟུང་ནས་ཁང་པ་ལས་པའི་གནད་དོན་དག་ཐེར་བྱ་བ་སྤེལ་བ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཞིང་ས་སྲུང་སྐྱོབ་ཐད་ཀྱི་མཆན་བཀོད་མཛུབ་སྟོན་རབ་དང་རིམ་པའི་དགོངས་དོན་ལག་བསྟར་བྱེད་པའི་ལག་ལེན་དངོས་ཡིན་པས། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་དེར་ཧ་ཅང་མཐོང་ཆེན་བྱས་ཏེ། དག་ཐེར་བྱ་བ་བཟང་བོར་སྒྲུབ་པར་བླང་བྱ་གསལ་བོ་བཏོན་ཡོད། ས་ཁུལ་སོ་སོ་དང་འབྲེལ་ཡོད་སྡེ་ཁག་སོ་སོས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཅིག་གྱུར་བཀོད་སྒྲིག་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བའི་བླང་བྱ་ལྟར། ཚད་གཞི་མཐོན་པོ་དང་སྤུས་ཚད་མཐོན་པོས་དག་ཐེར་ལས་འགན་ཡོངས་འགྲུབ་བྱེད་དགོས།

ལིའུ་ཐའོ་ཡིས་ནན་གྱིས་བསྟན་དོན། རིམ་པ་སོ་སོའི་འགོ་ཁྲིད་ཚན་ཆུང་གིས་ཞིང་ས་སྲུང་སྐྱོབ་བྱ་བའི་གལ་ཆེན་རང་བཞིན་ལ་ངོས་འཛིན་ཟབ་མོ་བྱེད་པ་དང་། ཆབ་སྲིད་ཀྱི་ལངས་གནས་ཇེ་མཐོར་གཏོང་བ་དང་། བསམ་བློའི་ངེས་ཤེས་གཅིག་གྱུར་བྱེད་པ། ཞིང་ས་སྲུང་སྐྱོབ་ཀྱི་ཆབ་སྲིད་ཀྱི་འགན་འཁྲི་དང་ལོ་རྒྱུས་ཀྱི་འགན་འཁྲི་ཆེན་པོ་དངོས་སུ་ཕྲག་ཏུ་བླངས་ཏེ། ཆེས་མཐའ་འཁྱོལ་དང་ཆེས་གཟབ་ནན། ཆེས་ནུས་ལྡན་བཅས་ཀྱི་བྱེད་ཐབས་སྤྱད་ནས་དག་ཐེར་བྱ་བ་སྒྲུབ་སྟེ། ཞིང་ས་སྲུང་སྐྱོབ་ཀྱི་མཐའ་ཚད་བརྟན་སྲུང་ལྷོད་མེད་བྱེད་དགོས། རྒྱལ་ཁབ་ཀྱི་འབྲེལ་ཡོད་ཡིག་ཆའི་དགོངས་ལ་གོ་བ་ཆ་ཚང་བླངས་ཏེ། འཕར་སྣོན་ཚད་བཀག་འགོག་དང་ད་ཡོད་ཚད་ཐག་གཅོད་ཀྱི་འབྲེལ་བར་ཚོད་འཛིན་ཡག་པོ་བྱས་ཏེ། འཕར་སྣོན་ཚད་ཀྱི་གནད་དོན་ལ་བཟོད་སྒོམ་སྤུ་ཙམ་ཡང་བྱེད་མི་རུང་ལ། ད་ཡོད་ཚད་ཀྱི་གནད་དོན་ལ་རིམ་པ་དགར་ནས་དག་ཐེར་དང་རིགས་དགར་ནས་ཐག་གཅོད་བྱེད་དགོས། དུས་རིམ་སོ་སོའི་ལས་འགན་ལྟར། ཞིབ་བཤེར་རྒྱུས་ལོན་ནན་མོ་དང་ཞིབ་མོ་བྱས་ཏེ། གཞི་གྲངས་ཆ་ཚང་བ་དང་ངོ་མ་ཡིན་པ། ཡང་དག་པ་བཅས་ལ་ཁག་ཐེག་བྱས་ནས། དག་ཐེར་བྱེད་པར་རྨང་གཞི་བརྟན་པོ་འདིང་དགོས། ཕྱོགས་སོ་སོར་འགན་འཁྲི་ནན་དཀྲི་བྱེད་པ་དང་། སྐུལ་ཁྲིད་འགན་འདྲི་ནན་མོ་བྱས་ཏེ། དངོས་ཐོག་བདེན་འཚོལ་རྒྱུན་འཁྱོངས་དང་མང་ཚོགས་ལམ་ཕྱོགས་རྒྱུན་འཁྱོངས་ཀྱིས་དངོས་གཉེར་གྱི་རྣམ་འགྱུར་དང་ཏན་ཏིག་གི་སྤྱོད་ཚུལ་ལ་བརྟེན་ནས། ཞིང་སྡེའི་ཞིང་ས་གང་འདོད་དུ་བཟུང་ནས་ཁང་པ་ལས་པའི་བྱ་སྤྱོད་གསར་དུ་འབྱུང་བར་གཏན་འགོག་བྱེད་པ་དང་། ཧུར་བརྩོན་བརྟན་བརླིང་གིས་དག་ཐེར་བྱ་བ་སྒྲུབ་ནས། ས་ཞིང་སྲུང་སྐྱོབ་འཐབ་འཛིང་གསར་པ་འདི་བཟང་བོར་སྤེལ་ནས་རྒྱལ་ཁ་ལེན་དགོས་ཟེར།

                                                                                                                                   ལོ་ཙཱ་བ། ཕྱུག་ལོ།