ཉེ་སྔོན། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱི་ཀྲུའུ་ཞི་མཱ་ཅི་ཞའོ་མཚོ་ཤར་གྲོང་ཁྱེར་གྱི་ཞུན་ཧྭ་རྫོང་དང་མེན་ཧི་རྫོང་དུ་སོང་ནས་ཞིང་ཆེན་ཏང་ཨུའི་སྐབས་བཅོ་བརྒྱད་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པའི་དགོངས་དོན་སྒྲོག་འགྲེལ་བྱས་པ་དང་། མང་ཚོགས་ཚོགས་པའི་བྱ་བར་རྟོག་ཞིབ་བྱས་པར་མ་ཟད། ཚ་བ་ཆེ་སའི་འཐབ་ཕྱོགས་དང་པོ་རུ་འབད་འཐབ་བྱེད་པའི་ལས་བཟོ་བ་དང་མང་ཚོགས་ལ་ཚ་བ་སེལ་བའི་དངོས་རྫས་བསྐྱལ།
ཞུན་ཧྭ་རྫོང་ནས་མཱ་ཅི་ཞའོ་རྫོང་དབང་བོ་སྐྱོན་ཅན་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས་དང་། ཧོས་ཁང་དབང་བོ་སྐྱོན་ཅན་ཞབས་ཞུ་ལྟེ་གནས། ལིས་ལིས་ཁང་སྐྱེ་ཁམས་ཚན་རྩལ་ཀུང་ཟི། ཧྭ་ཆིན་སྐྱེ་དངོས་ཚན་རྩལ་ཀུང་ཟི། རང་འབད་དཔེ་སྟོན་གྱི་དབང་བོ་སྐྱོན་ཅན་གྱི་ཁྱིམ་བཅས་སུ་སོང་ནས། དབང་བོ་སྐྱོན་ཅན་གྱི་བྱ་བ་དང་འཚོ་བ། ལས་ཞུགས་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་བྱས་པ་དང་། དབང་བོ་སྐྱོན་ཅན་གྱིས་འབད་བརྩོན་ལྷོད་མེད་ཀྱི་སྙིང་སྟོབས་ལ་བརྟེན་ནས་དཀའ་ངལ་ལས་རྒྱལ་བར་བྱེད་རྒྱུ་དང་། སྤྲོ་སེམས་ཆེན་པོས་བྱ་བའི་ཁྲོད་ཞུགས་རྒྱུ། སྤྲོ་སྣང་གི་རྣམ་འགྱུར་གྱིས་འཚོ་བ་རོལ་རྒྱུའི་སྐུལ་མ་གནང་། མཱ་ཅི་ཞའོ་ཡིས་སྤྱི་ཚོགས་ཡོངས་ཀྱིས་དབང་བོ་སྐྱོན་ཅན་ལ་སེམས་ཁུར་དང་གཅེས་སྐྱོང་བྱས་ཏེ། ཁ་གཏད་རང་བཞིན་ལྡན་པའི་ལས་ཞུགས་གསོ་སྦྱོང་སྤེལ་ནས། དབང་བོ་སྐྱོན་ཅན་གྱི་ལས་ཞུགས་རྩལ་ནུས་ཇེ་མཐོར་གཏོང་བར་རོགས་རམ་བྱེད་དགོས་པ་ནན་གྱིས་བསྟན།
མེན་ཧི་རྫོང་གི་ཀོང་ལིན་འདེབས་འཛུགས་ཆེད་ལས་མཉམ་ལས་ཁང་ནས། མཱ་ཅི་ཞའོ་ཡིས་དབུལ་ཐར་མཁྲེགས་གཏོར་དང་ཞང་སྡེ་དར་སྤེལ་སོགས་ཀྱི་བརྗོད་གཞིར་དམིགས་ནས། མང་ཚོགས་རྣམས་ལ་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པའི་དགོངས་དོན་སྒྲོག་འགྲེལ་བྱས། ཁོས་བསྟན་དོན། ཞིང་སྡེ་བཅོས་སྐྱོང་ལ་མཚོན་ན་སྤུས་ཀ་བཟང་རྒྱུ་ནི་གཙོ་བོ་ཡིན་པས། ཆེད་ལས་མཉམ་ལས་ཁང་གིས་མང་ཚོགས་ཀྱི་སྣེ་ཁྲིད་ནས་ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་བཀོལ་སྤྱོད་བཟང་བོ་བྱས་ཏེ། ཞིང་ལས་དེང་རབས་ཅན་གྱི་ཆུ་ཚད་སྔར་ལས་མཐོར་འདེགས་སུ་བཏང་སྟེ། ཞིང་ལས་སྔར་ལས་དར་རྒྱས་སུ་གཏོང་དགོས་ལ། ཞིང་སྡེའི་སྡོད་གནས་ཁོར་ཡུག་སྔར་ལས་ཇེ་ལེགས་སུ་བཏང་ནས། ཞིང་སྡེ་སྔར་ལས་མཛེས་སྡུག་ལྡན་པར་བྱེད་དགོས་པ་དང་། ཞིང་པའི་ཡོང་འབབ་དང་འཚོ་བའི་ཆུ་ཚད་སྔར་ལས་ཇེ་མཐོར་བཏང་ནས། ཞིང་པ་སྔར་ལས་ཕྱུག་པོར་འགྱུར་བར་བྱེད་དགོས། མཱ་ཅི་ཞའོ་ཡིས་རྒྱལ་ཡོངས་དབུལ་ཐར་དཔེ་སྟོན་རྟེན་གཞི་གྲགས་ཅན་གྱི་མཚན་སྙན་ཐོབ་པའི་མེན་ཧི་རྫོང་ཀོང་ལིན་འདེབས་འཛུགས་ཆེད་ལས་མཉམ་ལས་ཁང་ལ་སྒོ་བྱང་གནང་བ་དང་། རྒྱལ་ཡོངས་ཀྱི་ལས་བཟོ་བའི་ལས་རིགས་ཀུན་སྤྱོད་སྔོན་ཐོན་མི་སྒེར་གྱི་མཚན་སྙན་ཐོབ་པའི་སྡེ་སྡོད་ཧྲུའུ་ཅི་དང་པོ་ལིས་ཡུས་ལན་ལ་དཔང་ཡིག་གནང་།
བསྟུད་མར་ཉིན་འགའི་རིང་ལ། ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱིས་འཚམས་འདྲིའི་ཚན་ཁག་བརྒྱད་བཙུགས་ཏེ། བཟོ་སྐྲུན་གལ་ཆེན་དང་ཚ་བ་ཆེ་ས། སྒོ་ཕྱི་བཅས་སུ་བྱ་བ་སྒྲུབ་བཞིན་པའི་འགྲིམ་འགྲུལ་ཉེན་རྟོག་པ། ཁོར་སྲུང་ལས་བཟོ་བ། འཛུགས་སྐྲུན་བཟོ་བ་བཅས་ལ་ཚ་བ་སེལ་བའི་དངོས་རྫས་བསྐྱལ།
ལོ་ཙཱ་བ། ཕྱུག་ལོ།