ཞིན་ཁྲང་ཞིང་གིས་མཚོ་ཤར་གྲོང་ཁྱེར་དུ་བྱ་བར་རྟོག་ཞིབ་བྱས།
2020.08.10 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 11

ཟླ་བརྒྱད་པའི་ཚེས་དགུ་ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཚབ་མ་ཞིན་ཁྲང་ཞིང་གིས་མཚོ་ཤར་གྲོང་ཁྱེར་དུ་བྱ་བར་རྟོག་ཞིབ་བྱེད་སྐབས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དབུལ་སྐྱོར་བྱ་བའི་སྐོར་གྱི་རྒྱས་བཤད་གལ་ཆེན་ལ་སློབ་སྦྱོང་ནན་མོ་བྱེད་པ་དང་གོ་བ་ཟབ་མོ་བླངས་ཏེ། ཞང་སྡེ་དར་སྤེལ་འཐབ་ཇུས་དང་འབྲེལ་མཐུད་བྱེད་པ་དང་། གཙོ་གནད་དམ་འཛིན་དང་ཞན་ཆ་ཁ་གསབ། མི་འདང་སར་ཤུགས་སྣོན་དགོས་ལ། སྤུས་ཚད་མཐོ་བའི་སྒོ་ནས་དབུལ་ཐར་མཁྲེགས་གཏོར་འཐབ་ཇུས་ཐད་ནས་གྲུབ་འབྲས་ཆེན་པོ་ལེན་དགོས།

མཚོ་ཤར་ནི་རྒྱལ་ཡོངས་སུ་ཆེས་ཆེ་བའི་ནས་ཆང་ཐོན་སྐྱེད་རྟེན་གཞི་ཡིན། མཚོ་སྔོན་ཧུའུ་ཀྲུའུ་ནས་ཆང་མ་རྐང་ཚད་ཡོད་ཀུང་ཟིའི་ནང་དུ་ཞིན་ཁྲང་ཞིང་གིས་ནས་ཀྱི་སྣ་ཁ་དང་ཐོན་ཚད། ཁྱད་ཆོས། དེ་མིན་ནས་ཆང་བཙག་པའི་ལག་རྩལ་སྐོར་ཞིབ་འདྲི་བྱས། ཁོས་བཤད་དོན། ཁྱད་ཆོས་ཁྱད་སྟོབས་སྔོག་འདོན་གང་ལེགས་བྱེད་པ་དང་ལྗང་མདོག་དང་དག་གཙང་སོགས་ཀྱི་ཁྱད་ཆོས་འབུར་དུ་ཐོན་པར་བྱེད་དགོས་ལ། ལྗང་མདོག་ཐོན་ལས་འཕེལ་རྒྱས་གཙོར་འཛིན་པ་དང་ཐོན་ལས་དང་གྲོང་ཁྱེར་མཉམ་བསྲེས་བྱས་པ་བརྒྱུད་དེ་ཐོན་ལས་འཕེལ་རྒྱས་དང་གྲོང་ཁྱེར་འཛུགས་སྐྲུན་མཐུན་སྦྱོར་གྱི་འཕེལ་རྒྱས་མངོན་འགྱུར་བྱེད་དགོས།

མཚོ་ཤར་གྲོང་ཁྱེར་ནི་རྒྱལ་ཡོངས་སུ་ས་འོག་ཕྱོགས་བསྡུས་སྦུག་ལམ་འཛུགས་སྐྲུན་ཚོད་ལྟ་བྱེད་སའི་གྲོང་ཁྱེར་སྐོར་གཉིས་པའི་ནང་གི་གཅིག་ཡིན། ཞིན་ཁྲང་ཞིང་གིས་བྱ་བ་སྒྲུབ་མཁན་གྱིས་མཚམས་སྦྱོར་བྱས་པར་ནན་ཏན་སྒོས་ཉན་པ་དང་མཚོ་ཤར་གྲོང་ཁྱེར་གྱིས་ས་འོག་ཕྱོགས་བསྡུས་སྦུག་ལམ་འཛུགས་སྐྲུན་དོ་དམ་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས་རྗེས་བསྟན་དོན། མཁར་གྲོང་ཅན་གྱི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་བརྒྱུད་རིམ་ཁྲོད་དུ་ཅིས་ཀྱང་ལེགས་བསྡུས་ཞིབ་གཉེར་འཕེལ་རྒྱས་ལ་མཐོང་ཆེན་བྱེད་པ་དང་། ས་འོག་ཕྱོགས་བསྡུས་སྦུག་ལམ་འཛུགས་སྐྲུན་བྱེད་པ་དེ་གྲོང་ཁྱེར་གྱི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་འཐུས་ཚང་དུ་གཏོང་བ་དང་ཕྱོགས་བསྡུས་ཐེག་ནུས་མཐོར་འདེགས་སུ་གཏོང་བ། གྲོང་ཁྱེར་གྱི་ལེགས་བསྡུས་ཞིབ་གཉེར་ཕན་ནུས་དང་ཚུལ་བསྒྱུར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་དོན་སྙིང་གལ་ཆེན་ལྡན། ཆ་འཕྲིན་ཚན་རྩལ་གྱི་རོགས་འདེགས་ཀྱི་བྱེད་ཐབས་ལ་བརྟེན་ནས་ས་འོག་ཕྱོགས་བསྡུས་སྦུག་ལམ་འཛུགས་སྐྲུན་བཟང་བོ་བྱེད་པ་དང་བཀོལ་སྤྱོད་དང་དོ་དམ་གང་ལེགས་བྱས་ནས། གྲོང་ཁྱེར་གྱི་ཕྱོགས་བསྡུས་ནུས་པ་སྔར་ལས་མཐོར་འདེགས་སུ་གཏོང་དགོས་ཟེར།

ལོ་ཙཱ་བ། བཀྲ་ཤིས་འབུམ།