ཟླ་བརྒྱད་པའི་ཚེས་དགུ་ཉིན་གྱི་ཕྱི་དྲོར།མཚོ་སྔོན་ཞིང་ཆེན་གྱིས་སྨྱན་སྦྱོར་གྱིས་བསྒྲགས་པའི་མུ་རི་གཏེར་ཁུལ་དུ་ཁྲིམས་འགལ་སྔོག་འདོན་གྱི་སྣང་ཚུལ་ཅེས་པར་བརྟག་དཔྱད་བྱས་པའི་གནས་ཚུལ་སྐོར་ནས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་ཐེངས་གཉིས་པ་བསྡུས་ཏེ། མཚོ་སྔོན་ཞིང་ཆེན་གྱིས་སྨྱན་སྦྱོར་གྱིས་བསྒྲགས་པའི་མུ་རི་གཏེར་ཁུལ་དུ་ཁྲིམས་འགལ་སྔོག་འདོན་གྱི་གནད་དོན་ཅེས་པར་ཆེད་དུ་བརྟག་དཔྱད་བྱས་པའི་བྱ་བའི་འཕེལ་རིམ་དང་རྗེས་ཕྱོགས་ཀྱི་བྱ་བའི་བཀོད་སྒྲིག་ཁྱབ་བསྒྲགས་བྱས།མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ཨུ།ཞིང་ཆེན་སྒྲིག་ཨུའི་ཧྲུའུ་ཅི།ཞིང་ཆེན་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཐིན་ཅ་ཚའེ་དང་།ཞིང་ཆེན་ཏང་ཨུའི་རྒྱུན་ཨུ།ཞིང་ཆེན་སྲིད་གཞུང་གི་རྒྱུན་ལས་ཧྲིན་ཀྲང་གཞོན་པ་ལིས་ཅེ་ཞང་།ཞིང་ཆེན་སྲིད་གཞུང་གི་ཧྲིན་ཀྲང་གཞོན་པ།ཞིང་ཆེན་སྤྱི་བདེ་ཐིན་གྱི་ཐིན་ཀྲང་ཝང་ཀྲིན་ཧྲིན་བཅས་ཀྱིས་སོ་སོར་འབྲེལ་ཡོད་གནས་ཚུལ་ཁྱབ་བསྒྲགས་བྱས།ཞིང་ཆེན་ཏང་ཨུའི་རྒྱུན་ཨུ།དྲིལ་སྒྲོག་པུའུ་ཀྲང་ཁྲིན་རོས་ཧྥིན་གྱིས་འགོ་འཛིན་བྱས།ཞིང་ཆེན་སྲིད་གཞུང་གི་ཧྲིན་ཀྲང་གཞོན་པ་ལིའུ་ཐའོ་ཚོགས་འདུར་ཞུགས།
ལིས་ཅེ་ཞང་གིས་སྨྱན་སྦྱོར་གྱིས་བསྒྲགས་པའི་མུ་རི་གཏེར་ཁུལ་དུ་ཁྲིམས་འགལ་སྔོག་འདོན་གྱི་གནད་དོན་ཅེས་པར་ཆེད་དུ་བརྟག་དཔྱད་བྱས་པའི་བྱ་བའི་འཕེལ་རིམ་དང་རྗེས་ཕྱོགས་ཀྱི་བྱ་བའི་བཀོད་སྒྲིག་ཁྱབ་བསྒྲགས་བྱས།ཟླ་བརྒྱད་པའི་ཚེས་བཞི་ཉིན།སྨྱན་སྦྱོར་གྱིས《མཚོ་སྔོན་གྱི“ལྐོག་གྱུར་གྱི་ཕྱུག་ཆེན”ཞིག་གིས་མདོ་ལ་རི་བོ་ནས་ཁྲིམས་འགལ་ངང་རྡོ་སོལ་སྔོག་འདོན་བྱས་ཏེ་སྒོར་ཐེར་ཆེན་གྱི་ཁེ་སྤོགས་ཐོབ་ཀྱང་ད་དུང་སྔོག་མཚམས་བཞག་མེད》ཅེས་པའི་གནས་ཚུལ་བསྒྲགས་རྗེས། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཧ་ཅང་མཐོང་ཆེན་བྱས་ཏེ། མྱུར་དུ་ཆེད་དོན་བརྟག་དཔྱད་ཚན་ཁག་བཙུགས་ནས་ཉིན་དེའི་ཉིན་གུང་ཡུལ་དངོས་སུ་སོང་སྟེ་བརྟག་དཔྱད་ཞིབ་དཔྱད་བྱ་བ་བསྒྲུབས། ཟླ་བརྒྱད་པའི་ཚེས་ལྔ་ཉིན། ཞིང་ཆེན་ཏང་ཨུས་ཆེད་དོན་གྲོས་ཚོགས་བསྡུས་ཏེ། བརྟག་དཔྱད་ཞིབ་དཔྱད་བྱ་བར་བཀོད་སྒྲིག་ཆ་ཚང་བྱས་ནས། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་ལག་བསྟར་མཐའ་འཁྱོལ་བྱེད་པ་དང་། “ཆེས་ཆེན་པོ་གསུམ”གྱི་བླང་བྱ་གལ་ཆེན་དོན་འཁྱོལ་ལྷོད་མེད་བྱས་ཏེ། “འདུ་ཤེས་བཞི”ཇེ་དྲག་ཏུ་གཏོང་བ་དང་། “རང་རྟོན་བཞི”ཇེ་བརྟན་དུ་གཏོང་བ། “སྲུང་སྐྱོབ་གཉིས”དོན་འཁྱོལ་བྱེད་པ་བཅས་ཀྱི་ཆབ་སྲིད་རང་རྟོགས་ལ་བརྟེན་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་བར་མཐོང་ཆེན་དང་ལེགས་སྒྲུབ་བྱས་ནས། སྐྱེ་ཁམས་ཁོར་ཡུག་ལ་གཏོར་བརླག་བྱེད་པའི་འབུར་ཐོན་གནད་དོན་ལ་ཆད་པ་ནན་མོ་གཅོད་པ་དང་། སྐྱེ་ཁམས་ཁོར་ཡུག་ལ་གཏོར་བརླག་བྱེད་པའི་མི་དང་དོན་དག་ལ་ཆད་པ་ནན་མོ་བཅད་དེ། ལངས་ཕྱོགས་གསལ་བོ་དང་རྣམ་འགྱུར་བརྟན་པོ། ལས་འགན་བཤོལ་མེད་བཅས་བྱེད་དགོས་པ་ནན་གྱིས་བསྟན། ཆེད་དོན་བརྟག་དཔྱད་ཚན་ཁག་ཡུལ་དངོས་སུ་འབྱོར་རྗེས་སྔ་གཞུག་ཏུ་ཚང་འཛོམས་ཚོགས་འདུ་ཐེངས་བཞི་དང་ཐུག་འཕྲད་ཚོགས་འདུ་ཐེངས་མང་བོར་བསྡུས་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན། ཀྲུང་དབྱང་གིས་ཁོར་སྲུང་ལྟ་ཞིབ་ཐད་བསྟན་པའི་གནད་དོན་གལ་ཆེན། མུ་རི་སོལ་གཏེར་གྱི་སྐྱེ་ཁམས་ཁོར་ཡུག་ལེགས་བཅོས་བྱ་བའི་ཇུས་གཞི། སྨྱན་སྦྱོར་གྱིས་བསྟན་པའི་གནད་དོན་བཅས་ལ་དཔེ་བལྟས་ཏེ། གསལ་ཁྲ་བཀོད་པ་དང་ཞིབ་ཐོ་ལས་ནས། ཆ་ཚང་ཞིང་སྤུས་ཚད་མཐོན་པོས་བརྟག་དཔྱད་ཞིབ་དཔྱད་བྱས་པར་མ་ཟད། སྤྱི་བསྒྲགས་སྤེལ་ནས་སྤྱི་ཚོགས་ལས་རིགས་སོ་སོས་ལྟ་སྐུལ་ཞུ་གཏུག་བྱེད་པར་དགའ་བསུ་ཞུས། སྐྱེ་ཁམས་ཁོར་ཡུག་པུའུ་ཡིས་མྱུར་བ་མྱུར་དུ་བརྟག་དཔྱད་ཚན་ཁག་མངགས་ཏེ་གཏེར་ཁུལ་ནས་བྱ་བ་བསྒྲུབས་པ་དང་། ཞིང་ཆེན་གྱི་བརྟག་དཔྱད་ཚན་ཁག་བར་དུ་འབྲེལ་འདྲིས་གང་ལེགས་བྱས་པ་དང་། མཛུབ་སྟོན་ལ་ཤུགས་བསྣན་ཞིང་། བླང་བྱ་གསལ་བོ་བཏོན། བསྟུད་མར་ཉིན་འགར་ཡུལ་དངོས་ཞིབ་བཤེར་དང་། ཚན་རྩལ་རྩད་ཞིབ། རྩིས་ཁྲའི་རྒྱུ་ཆར་ཞིབ་བཤེར་བཅས་བྱས་ཤིང་། སྤྱི་བདེ་ལས་ཁུངས་དང་སྒྲིག་ཨུ། ལྟ་ཞིབ་ཨུ་ཡོན་ལྷན་ཁང་བཅས་ཀྱིས་བརྟག་དཔྱད་བྱས་པ་བརྒྱུད་ནས། དོན་དག་དང་འབྲེལ་བའི་ཁེ་ལས་ཀྱིས་ཁྲིམས་འགལ་སྒྲིག་འགལ་བྱས་པ་ལ་དོགས་པ་ཡོད་པར་ཐོག་མར་ངོས་བཟུང་། མིག་སྔར། སྤྱི་བདེ་ལས་ཁུངས་དང་། སྒྲིག་ཨུ། ལྟ་ཞིབ་ཨུ་ཡོན་ལྷན་ཁང་བཅས་ཀྱིས་ཆེད་དམིགས་གྱོད་དོན་ཚན་ཁག་བཙུགས་ཏེ། ཁྲིམས་འགལ་སྒྲིག་འགལ་གྱི་བྱ་སྤྱོད་ཡོད་པར་དོགས་པ་ཟ་བ་དང་འགན་འཛོལ་འགན་ཤོར་ལ་དོགས་པ་ཟ་བ་སོགས་ཀྱི་གནད་དོན་ལ་གྱོད་དོན་ཐོ་འགོད་ཀྱིས་བརྟག་དཔྱད་བྱེད་བཞིན་ཡོད་པ་དང་། བརྟག་དཔྱད་ཀྱི་འཕེལ་རིམ་དུས་ལྟར་སྤྱི་ཚོགས་དང་སྨྱན་སྦྱོར་ལ་བསྒྲག་རྒྱུ་རེད།
ཟླ་བརྒྱད་པའི་ཚེས་བརྒྱད་ཉིན། ཞིང་ཆེན་ཏང་ཨུས་ཡང་བསྐྱར་ཆེད་དུ་ཚོགས་འདུ་བསྡུས་ནས། ཆེད་དོན་བརྟག་དཔྱད་བྱ་བ་དང་འབྲེལ་ཡོད་གནད་དོན་ལ་ཞིབ་འཇུག་ནན་མོ་བྱས་པ་དང་། རྗེས་ཕྱོགས་ཀྱི་བྱ་བར་བཀོད་སྒྲིག་ཞིབ་མོ་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་གྱི་བྱ་བའི་སྐོར་གྱི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་བློ་བརྟན་འགྱུར་མེད་ཀྱིས་ལག་བསྟར་བྱས་ཏེ། ཆབ་སྲིད་ཀྱི་ལངས་གནས་དངོས་སུ་ཇེ་མཐོར་བཏང་སྟེ། རྙེད་པའི་གནད་དོན་ལ་ཁག་ཁུར་བྱེད་ཕོད་དགོས་ཤིང་། རང་འགུལ་གྱིས་བྱ་བ་སྒྲུབ་པ་དང་བཙིར་བ་མི་ལྷོད་པ། རྩད་རྩ་བ་ནས་མ་ཆོད་ན་གཏན་ནས་མི་གཏོང་བ་དང་། ཐག་རྩ་བ་ནས་མ་ཆོད་ན་གཏན་ནས་མི་ལྷོད་པར། ཞིབ་བཤེར་ནན་མོ་བྱེད་པ་དང་ཁྲིམས་ཆད་ནན་མོ་གཅོད་པ། གཅིག་ཤེས་ཀུན་གྲོལ་ཡོང་བ་བཅས་བརྒྱུད་དེ། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་བསམ་བློའི་སྟེང་དང་རྩ་བ་ནས་གནད་དོན་ཐག་གཅོད་པར་སྐུལ་འདེད་བཏང་སྟེ། གནད་དོན་འདི་འདྲ་ཡང་བསྐྱར་འབྱུང་བར་གཏན་འགོག་བྱེད་དགོས་པའི་བླང་བྱ་བཏོན་པར་མ་ཟད། རྗེས་ཕྱོགས་བྱེད་ཐབས་གཙོ་བོ་འདི་དག་སྤྱོད་དགོས་པའི་བླང་བྱ་བཏོན། གཅིག སྤྱི་བདེ་ཆེད་དམིགས་གྱོད་དོན་ཚན་ཁག་དང་། སྒྲིག་ཨུ་དང་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཆེད་དམིགས་གྱོད་དོན་ཚན་ཁག་གིས་ཁྲིམས་འགལ་སྒྲིག་འགལ་གྱི་བྱ་སྤྱོད་ལ་ཕྱོགས་ཡོངས་ནས་རྩད་གཅོད་གསལ་བོ་བྱས་ཏེ། མི་སུ་དང་རིམ་པ་གང་ལ་འབྲེལ་བ་ཡོད་ཀྱང་། རྩད་གསལ་བོ་ཆོད་ཚེ། ཚང་མར་ཁྲིམས་དང་སྒྲིག་སྲོལ། སྒྲིག་ལམ་ལྟར་ཆད་པ་ནན་མོ་གཅོད་དགོས་པ་ལས་ངན་པ་རྒྱ་ཡན་དུ་གཏན་ནས་བཏང་མི་ཆོག གཉིས། མུ་རི་གཏེར་ཁུལ་གྱི་ཐོན་སྐྱེད་ཚོང་གཉེར་བྱ་འགུལ་ཡོད་ཚད་མཚམས་འཇོག་པ་དང་། ཡོངས་སུ་འགོག་པའི་དོ་དམ་ལག་བསྟར་བྱེད་དགོས་ལ། མུ་རི་སོལ་ཞིང་དོ་དམ་ཅུའུ་ཡི་མིང་དེ་མུ་རི་སོལ་ཞིང་སྐྱེ་ཁམས་སྲུང་སྐྱོབ་ཅུའུ་རུ་བསྒྱུར་ནས། སྐྱེ་ཁམས་ཁོར་ཡུག་ལ་གནོད་སྐྱེལ་བའི་བྱ་སྤྱོད་ཡོད་ཚད་འགོ་ཁུངས་ནས་མཚམས་བཅད་དེ། གནད་དོན་རྩ་བ་ནས་ཐག་གཅོད་པར་ཁག་ཐེག་བྱེད་དགོས། གསུམ། མུ་རི་གཏེར་ཁུལ་གྱི་དུས་རིམ་སྔོན་མའི་ལེགས་བཅོས་འབྲས་བུ་སྲ་བརྟན་དུ་གཏོང་བའི་ཞོར་དུ། སྐོར་ཐེངས་གསར་པའི་སྐྱེ་ཁམས་ཁོར་ཡུག་ཉམས་གསོ་ལེགས་བཅོས་བྱ་བ་མྱུར་དུ་སྒྲུབ་འགོ་རྩོམ་དགོས་ལ། ཆེད་མཁས་ཚན་ཁག་གདན་དྲངས་ཏེ་ཚན་རིག་དཔྱད་འཇོག་ར་སྤྲོད་བྱེད་དུ་འཇུག་པ་དང་། ཞིབ་འཇུག་བྱས་ཏེ་ཕྱོགས་བསྡུས་ལེགས་བཅོས་ཀྱི་ཇུས་གཞི་འདོན་དུ་འཇུག་དགོས་ཤིང་། རྒྱལ་ཁབ་ཀྱི་རྒྱབ་སྐྱོར་བརྩོན་ལེན་ལེགས་པོ་བྱས་ཏེ། གཏེར་ཁུལ་གྱི་ཐོན་ལས་ཚུལ་སྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་དགོས། བཞི། ནན་སྡོམ་དང་ནན་འགོག ནན་བཅོས་བཅས་ཀྱི་རྩ་དོན་ལྟར། ཞིང་ཆེན་ཡོངས་སུ་གཏེར་རིའི་རིགས་ཀྱི་ཁེ་ལས་ལ་ཞིབ་བཤེར་ཆེན་པོ་བྱས་ཏེ། སྐྱེ་ཁམས་ཁོར་ཡུག་བདེ་འཇགས་ཀྱི་ཉེན་ཁ་དང་བདེ་འཇགས་ཐོན་སྐྱེད་ཀྱི་ཉེན་ཁ་སྣ་ཚོགས་ལ་གྲལ་བཤེར་ཆ་ཚང་བྱེད་དགོས་པ་དང་། ཀྲུང་དབྱང་གི་གསལ་བོར་བསྟན་པའི་གནད་དོན་དང་། མང་ཚོགས་དང་སྨྱན་སྦྱོར་གྱིས་བདེན་པར་བཤད་པའི་གནད་དོན། རང་ཞིབ་རང་བཤེར་བྱས་ཏེ་རྙེད་པའི་གནད་དོན་བཅས་ལ་གསེད་བཀྲོལ་ཆ་ཚང་བྱེད་དགོས་པ་དང་། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་འགན་འཁྲི་གཙོ་བོ་སྔར་ལས་ཇེ་དྲག་ཏུ་གཏོང་བ་དང་། ཞིབ་འཇུག་བྱས་ཏེ་དངོས་ཕན་ནུས་ལྡན་གོ་ཆོད་ཀྱི་བྱེད་ཐབས་གཏན་འབེབས་བྱས་ནས། ཆད་ལུས་མེད་པར་ལེགས་བཅོས་དོན་འཁྱོལ་བྱེད་རྒྱུ་བཟང་བོར་འཛིན་དགོས་པར་མ་ཟད། ཡུན་སྡོམ་ཡུན་ནན་གྱི་ཡུན་ཕན་རྐྱེན་སྲོལ་བཙུགས་ཏེ། སྐྱེ་ཁམས་བདེ་འཇགས་ཀྱི་དམར་མཚམས་མཐའ་འཁྱོལ་བར་སྲུང་ཐུབ་དགོས། ལྔ། ཞིང་ཆེན་ཡོངས་ཀྱི་ཉེན་ཟོན་སློབ་གསོའི་ཚོགས་ཆེན་བསྡུས་ནས། སྨྱན་སྦྱོར་གྱིས་བསྒྲགས་པའི་མུ་རི་གཏེར་ཁུལ་དུ་ཁྲིམས་འགལ་སྔོག་འདོན་གྱི་གནད་དོན་འདུག་ཅེས་པར་ཆེད་དུ་བརྟག་དཔྱད་ཞིབ་དཔྱད་བྱས་པའི་གནས་ཚུལ་དང་ཐག་གཅོད་བསམ་འཆར་ཁྱབ་སྒྲོག་བྱེད་དགོས་ལ། གྱོད་དོན་ལས་ཁྲིམས་བཤད་པ་དང་། གྱོད་དོན་ལས་སྒྲིག་ལམ་དམ་པར་བྱེད་པ། གྱོད་དོན་ལས་ཡིད་རྟོན་འཕེར་བར་བྱེད་པ། བསླབ་བྱ་ལེན་པ་དང་གཅིག་ཤེས་ཀུན་གྲོལ་ཡོང་བར་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཏང་ཨུ་སྲིད་གཞུང་དང་ཏང་ཡོན་ལས་བྱེད་ཡོངས་ལ་སློབ་གསོ་བཏང་སྟེ་དུས་རྟག་ཏུ་དོགས་ཟོན་ཉེན་ཟོན་བྱེད་པ་དང་། འཇིགས་བཀུར་ཤེས་པ་དང་སྐྲག་དོགས་ཡོད་པའི་ངང་སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཆབ་སྲིད་འགན་འཁྲི་བློ་ཐག་ཆོད་པོས་ཕྲག་ཏུ་འཁུར་ནས། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་སེམས་པའི་གཏིང་དུ་ཉར་བ་དེ་ཞིང་ཆེན་ཡོངས་ཀྱི་མི་དམངས་ཀྱི་རང་རྟོགས་ལྷོད་མེད་ཀྱི་འགུལ་སྐྱོད་དུ་འགྱུར་བར་བྱེད་པ་དང་། ཀྲུང་ཧྭའི་ཆུ་མཛོད་ཀྱི་རྟག་བརྟན་འགྱུར་མེད་ཀྱི་གྲུབ་འབྲས་གྲུབ་པར་བྱས་ཤིང་། སྐྱེ་ཁམས་ཀྱིས་རྒྱལ་ཁབ་ལ་དྲིན་ལན་འཇལ་བའི་འདོད་བློ་དང་ཡིད་ཆེས་རྒྱུན་མ་ཆད་པར་ཇེ་བརྟན་དུ་གཏོང་བ་དང་། སྐྱེ་ཁམས་བདེ་འཇགས་ཀྱི་ལྕགས་རི་རྒྱུན་མ་ཆད་པར་བརྟན་པོར་བསྐྲུན་ནས། ཀྲུང་ཧྭ་མི་རིགས་ཀྱི་ཡུན་བརྟན་འཕེལ་རྒྱས་ཐད་མཚོ་སྔོན་གྱི་བྱས་རྗེས་འཇོག་དགོས་ཟེར།
ཐིན་ཅ་ཚའེ་ཡིས་ཞིང་ཆེན་སྒྲིག་ཨུ་དང་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་བརྟག་དཔྱད་ཞིབ་དཔྱད་བྱ་བའི་འཕེལ་རིམ་ཁྱབ་བསྒྲགས་བྱས། ཞིང་ཆེན་སྒྲིག་ཨུ་དང་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གིས་ཞིང་ཆེན་ཏང་ཨུའི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་ནས། ཟླ་བརྒྱད་པའི་ཚེས་བཞི་ཉིན། ཞིང་ཆེན་སྒྲིག་ཨུའི་ཧྲུའུ་ཅི་གཞོན་པ། ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པས་སྣེ་ཁྲིད་དེ་ཞིང་ཆེན་ཏང་ཨུའི་ཆེད་དོན་བརྟག་དཔྱད་ཚན་ཁག་དང་མཉམ་དུ་མུ་རི་སོལ་ཞིང་དུ་སོང་ནས་བརྟག་དཔྱད་བྱ་བ་བསྒྲུབས། ཟླ་བརྒྱད་པའི་ཚེས་ལྔ་ཉིན། ཞིང་ཆེན་སྒྲིག་ཨུ་དང་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གིས་ཆེད་དམིགས་གྲོས་ཚོགས་བསྡུས་ནས། ཞིང་ཆེན་སྒྲིག་ཨུ་དང་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་བརྟག་དཔྱད་ཚན་ཁག་འཛུགས་རྒྱུའི་ཐག་བཅད་དེ། དུས་མཉམ་དུ་བརྟག་དཔྱད་ཞིབ་དཔྱད་བྱ་བ་བསྒྲུབས་པ་དང་། འགན་འཁྲི་རྩད་འདྲི་བྱེད་འགོ་བརྩམས།
ཐོག་མར་བརྟག་དཔྱད་ཞིབ་དཔྱད་བྱས་པ་བརྒྱུད་ནས། སྐབས་དེའི་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཨུའི་རྒྱུན་ཨུ། རྒྱུན་ལས་ཁུལ་གཙོ་གཞོན་པ། ཚྭ་འདམ་གཞོང་འཁོར་སྐྱོད་དཔལ་འབྱོར་ཚོད་ལྟ་ཁུལ་དོ་དམ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ། ད་ལྟའི་མཚོ་ནུབ་ཁུལ་ཨུའི་རྒྱུན་ལས་ཨུ་ཡོན། ཀྲུང་གོ་གུང་ཁྲན་ཏང་ཚྭ་འདམ་གཞོང་འཁོར་སྐྱོད་དཔལ་འབྱོར་ཚོད་ལྟ་ཁུལ་བྱ་བའི་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཧྲུའུ་ཅི་གཞོན་པ། དོ་དམ་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཀྲུའུ་རིན་གཞོན་པ་ལེང་ཡན་གོ(ཐིན་རིམ་པ)དང་། མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གི་ཏང་ཙུའུ་ཁོངས་མི། ཀྲུང་གོ་གུང་ཁྲན་ཏང་ཚྭ་འདམ་གཞོང་འཁོར་སྐྱོད་དཔལ་འབྱོར་ཚོད་ལྟ་ཁུལ་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། དོ་དམ་ཨུ་ཡོན་ལྷན་ཁང་གི་ཆེད་བསྐོས་ཀྲུའུ་རིན་གཞོན་པ་དང་ཞོར་དུ་མུ་རི་སོལ་ཞིང་དོ་དམ་ཅུའུ་ཡི་ཅུའུ་ཀྲང་གི་འགན་འཁུར་མཁན་ལིས་ཡུང་ཕིང(ཐིན་གཞོན་པ་རིམ་པ)གཉིས་ལ་ཞིན་ཆིང་ཀུང་ཟིས་ཁྲིམས་འགལ་སྔོན་འདོན་བྱས་པའི་གནད་དོན་ཐད་ནས་ལྟ་སྐུལ་དོ་དམ་ཐད་འགན་འཛོལ་འགན་ཤོར་གྱི་སྣང་ཚུལ་ཡོད་པ་དང་། འགོ་ཁྲིད་ཀྱི་འགན་གཙོ་བོ་འཁུར་ཡོད་པས། ཞིང་ཆེན་ཏང་ཨུས་ཞིབ་འཇུག་བྱས་པ་བརྒྱུད། ལེང་ཡན་གོ་དང་ལིས་ཡུང་ཕིང་གཉིས་ཀྱི་གོ་གནས་ལེན་རྒྱུ་དང་། རྩ་འཛུགས་ཀྱི་བརྟག་དཔྱད་དང་ལེན་བྱེད་དགོས་པའི་ཐག་བཅད།
དེ་དང་མཉམ་དུ། ཞིང་ཆེན་སྒྲིག་ཨུ་དང་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གིས་ཞིབ་འཇུག་བྱས་པ་བརྒྱུད་ནས། ལྟ་སྐུལ་དོ་དམ་གྱི་འགན་འཁུར་ཡོད་པའི་མཚོ་ནུབ་ཁུལ་ཨུ་དང་ཁུལ་སྲིད་གཞུང་། ཀྲུང་གོ་གུང་ཁྲན་ཏང་ཚྭ་འདམ་གཞོང་འཁོར་སྐྱོད་དཔལ་འབྱོར་ཚོད་ལྟ་ཁུལ་བྱ་བའི་ཨུ་ཡོན་ལྷན་ཁང་། དོ་དམ་ཨུ་ཡོན་ལྷན་ཁང་། ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིན། ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིན་སོགས་ས་ཁུལ་དང་སྡེ་ཁག་གི་འགན་འཛོལ་འགན་ཤོར་གྱི་དོགས་པ་ཡོད་པའི་འབྲེལ་ཡོད་འགོ་ཁྲིད་ལས་བྱེད་པར་གྱོད་དོན་ཐོ་འགོད་ཀྱིས་ཞིབ་བཤེར་བརྟག་དཔྱད་བྱེད་རྒྱུའི་ཐག་བཅད།
ལས་བྱེད་པའི་དོ་དམ་དབང་ཚད་ལྟར། མཚོ་ནུབ་ཁུལ་གྱི་འབྲེལ་ཡོད་ལྟ་སྐུལ་དོ་དམ་སྡེ་ཁག་དང་ཐེམ་ཆེན་རྫོང་ཨུ་རྫོང་སྲིད་གཞུང་དང་དེའི་འབྲེལ་ཡོད་སྡེ་ཁག་ལ་འགན་འཛོལ་འགན་ཤོར་གྱི་དོགས་པ་ཡོད་པའི་གནད་དོན་ཐད་ནས། མཚོ་ནུབ་ཁུལ་སྒྲིག་ཨུ་དང་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གིས་ཀྱང་དུས་མཉམ་དུ་བརྟག་དཔྱད་ཞིབ་དཔྱད་བྱས་པ་དང་། དེའི་ནང་དུ་འགན་ཁུར་ཡོད་པའི་འགོ་ཁྲིད་ལས་བྱེད་པ་གསུམ་གྱི་གོ་གནས་མཚོ་ནུབ་ཁུལ་ཨུས་བླངས་པ་དང་། རྩ་འཛུགས་ཀྱི་བརྟག་དཔྱད་དང་ལེན་བྱེད་བཞིན་ཡོད།
ཞིང་ཆེན་སྒྲིག་ཨུ་དང་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གིས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་ལག་བསྟར་ནན་མོ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཐད་བཏོན་པའི“ཆེས་ཆེན་པོ་གསུམ”གྱི་བླང་བྱ་གལ་ཆེན་མཐའ་གཅིག་ཏུ་དོན་འཁྱོལ་བྱས་ཏེ། ཆབ་སྲིད་ཀྱི་ལངས་གནས་སྔར་ལས་ཇེ་མཐོར་གཏོང་བ་དང་། “སྲུང་སྐྱོབ་གཉིས”དོན་འཁྱོལ་བྱས་ནས། འགན་ནུས་ལེགས་པོར་འདོན་རྒྱུ་ཡིན་པ་དང་། སྒྲིག་ཁྲིམས་ལྟར་འགན་འཁྲི་རྩད་འདྲི་བྱེད་རྒྱུ་ཡིན། བརྟག་དཔྱད་ཁྲོད་ནས། གལ་ཏེ་ཞིན་ཆིང་ཀུང་ཟིའི་ཁྲིམས་འགལ་སྔོག་འདོན་གྱི་རྒྱབ་ཏུ་དཔོན་ཚོང་ངན་འབྲེལ་དང་དབང་དངུལ་བརྗེ་རེས། ཁེ་ཕན་སྟེར་རེས་སོགས་ཀྱི་གནད་དོན་རྙེད་ཚེ། མི་སུ་དང་རིམ་པ་གང་ལ་འབྲེལ་བ་ཡོད་ཀྱང་རྩ་བ་ནས་རྩད་གཅོད་བྱེད་པ་ལས་ངན་པ་རྒྱ་ཡན་དུ་གཏན་ནས་གཏོང་མི་སྲིད། སྤྱི་ཚོགས་ལས་རིགས་སོ་སོ་དང་གསར་འགྱུར་སྨྱན་སྦྱོར་གྱིས་ཞིང་ཆེན་སྒྲིག་ཨུ་དང་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཁ་པར་ཨང་གྲངས12388ལ་གཏུག་བཤེར་ཁ་པར་བཏང་སྟེ་འབྲེལ་ཡོད་གནས་ཚུལ་ཡར་ཞུ་དང་ཁུངས་སྣེ་འདོན་སྤྲོད་བྱེད་པར་དགའ་བསུ་ཞུ། སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་འགན་ནན་མོ་འཁུར་ནས་ཞིབ་དཔྱད་བྱེད་རྒྱུ་མ་ཟད། འགན་འཛོལ་འགན་ཤོར་གྱི་འབྲེལ་ཡོད་ས་ཁུལ་དང་སྡེ་ཁག འགོ་ཁྲིད་ལས་བྱེད་པ་བཅས་ལ་ཆད་པ་བཅད་པའི་གནས་ཚུལ་དུས་དང་འཚམ་པར་ཁྱབ་སྒྲོག་བྱེད་རྒྱུ་དང་། སྤྱི་ཚོགས་ཀྱི་སེམས་ཁྲལ་ལ་མྱུར་དུ་ལན་འདེབས་ངེས་ཡིན་ཟེར།
ཝང་ཀྲིན་ཧྲིན་གྱིས་སྤྱི་བདེ་ལས་ཁུངས་ཀྱི་བརྟག་དཔྱད་འཕེལ་རིམ་ཁྱབ་བསྒྲགས་བྱས། བརྟག་དཔྱད་ཚན་ཁག་གིས་བརྟག་དཔྱད་བྱས་པ་བརྒྱུད། མཚོ་སྔོན་ཞིན་ཆིང་བཟོ་ཚོང་བཟོ་སྐྲུན་སྡེ་ཚོགས་ཚད་ཡོད་ཀུང་ཟིས་ཁྲིམས་འགལ་སྔོག་འདོན་བྱས་ཏེ་སྐྱེ་ཁམས་ཁོར་ཡུག་ལ་གཏོར་བརླག་བྱས་པར་དོགས་པ་ཡོད་པས། སྤྱི་བདེ་ལས་ཁུངས་ཀྱིས་ཁྲིམས་ལྟར་མཱ་ཧྲའོ་ཝེ་སོགས་འབྲེལ་ཡོད་འགན་འཁུར་བ་གསུམ་ལ་བྱེད་ཐབས་བཙན་པོ་སྤྱད་ཡོད། སྤྱི་བདེ་ལས་ཁུངས་ཀྱིས་འོས་འཚམ་གྱི་སྐབས་སུ་གྱོད་དོན་གྱི་འཕེལ་རིམ་ཁྱབ་སྒྲོག་བྱེད་རྒྱུ་ཡིན་ལ། གསར་འགྱུར་སྨྱན་སྦྱོར་གྱི་ལྟ་སྐུལ་དང་ལེན་བྱེད་རྒྱུ་ཡིན་ཟེར།
ཞིང་ཆེན་ཕྱི་ནང་གི་གསར་འགྱུར་སྨྱན་སྦྱོར་ཉེར་བརྒྱད་ཀྱི་གསར་འགོད་པ་བཞི་བཅུ་ལྷག་གསར་འགྱུར་སྒྲོག་སྤེལ་ཚོགས་འདུར་ཞུགས།
ལོ་ཙཱ་བ། ཕྱུག་ལོ།