ཟླ་8པའི་ཚེས་6ཉིན། ཧྲིན་ཀྲང་གཞོན་པ་ཁོང་ཡུང་ཟི་ལིང་གྲོང་ཁྱེར་དུ་བསྐྱོད་ནས་གྲོང་ཁྱེར་དང་གྲོང་རྡལ་གྱི་སྡོད་ཁུལ་རྙིང་པ་སྒྱུར་བཀོད་རྣམ་གྲངས་ལ་རྟོག་ཞིབ་བྱས་པར་མ་ཟད་བཞུགས་མོལ་ཚོགས་འདུ་བསྡུས་པ་དང་། གནད་དོན་གསེད་བཀྲོལ་དང་བྱེད་ཐབས་ལ་ཞིབ་འཇུག་བྱས།
ཁོང་ཡུང་སྔ་རྗེས་སུ་རྟ་ཐང་རྫོང་མཚོ་སྔོན་ཨར་འདམ་བཟོ་གྲྭའི་སྡོད་ཁུལ་དང་། ཟམ་གློག་ཀུང་ཟིའི་སྡོད་ཁུལ། ཟི་ལིང་གྲོང་ཁྱེར་མཁར་བྱང་ཆུའུ་ཡི་གྱོན་ཆས་བཟོ་གྲྭ་དང་པོའི་སྡོད་ཁུལ་སོགས་སུ་སོང་ནས་རྣམ་གྲངས་ལག་བསྟར་སྡེ་ཁག་གི་འགན་འཁུར་བློ་མཐུན་དང་མང་ཚོགས་ཀྱི་འཐུས་མི་བཅས་དང་བྱམས་བརྩེའི་ངང་གླེང་མོལ་བྱས་པ་དང་། རྣམ་གྲངས་འཛུགས་སྐྲུན་གྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་ཕྲ་དང་སྡོད་དམངས་ཀྱི་བསམ་འཆར་དང་གྲོས་གཞི་ལ་གསན། ཁོང་ཡུང་གིས་བསྟན་དོན། གྲོང་ཁྱེར་དང་གྲོང་རྡལ་གྱི་སྡོད་ཁུལ་རྙིང་པ་བསྒྱུར་བཀོད་བྱ་བ་ནི་དམངས་ཚིས་བཟོ་སྐྲུན་གལ་ཆེན་ཞིག་ཡིན་ཞིང་། མང་ཚོགས་ཀྱི་རྩ་བའི་ཁེ་ཕན་དང་འབྲེལ་བ་ཡོད་པ་དང་། དམངས་ཚིས་ལེགས་བཅོས་དང་སྤུས་ཚད་མཐོ་བའི་འཚོ་བ་དང་འབྲེལ་བ་ཡོད་པས། རིམ་པ་སོ་སོའི་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཁག་གིས་ཆབ་སྲིད་ཀྱི་ལངས་གནས་མཐོ་རུ་གཏོང་བ་དང་། རྩ་འཛུགས་ཀྱི་འགོ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ། བྱ་བའི་བྱེད་ཐབས་ཞིབ་ཕྲ་བཟོ་བ་བཅས་བྱས་ཏེ། ཚད་གཞི་མཐོ་བའི་སྒོ་ནས་ལོ་འཁོར་གྱི་སྒྱུར་བཀོད་ལས་འགན་ལེགས་སྒྲུབ་བྱེད་པ་དང་དམངས་ཚིས་བྱ་བ་དངོས་དེ་ཏན་ཏིག་ངང་ཡག་པོ་སྒྲུབ་དགོས།
ཁོང་ཡུང་གིས་ནན་གྱིས་བསྟན་དོན། གྲོང་ཁྱེར་དང་གྲོང་རྡལ་གྱི་སྡོད་ཁུལ་རྙིང་པ་སྒྱུར་བཀོད་བྱ་བ་ཡག་པོ་སྒྲུབ་པར་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱེད་དགོས། མང་ཚོགས་ཀྱི་དགོས་མཁོ་དང་ཁེ་ཕན་ལ་གཞིགས་ནས་མང་ཚོགས་ཀྱི་བསམ་འཆར་བསྡུ་ལེན་གང་ལེགས་བྱས་ཏེ་མི་དམངས་མང་ཚོགས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་སྐོང་དགོས། ཡུལ་བབ་དང་བསྟུན་པ་དང་དོན་དངོས་གཞིར་བཟུང་ནས། “གཅིག་དཔེ་བརྒྱ་འགེབས”མི་བྱེད་པ་དང་གཙོ་གནད་ཁ་གསལ་བཟོས་ཏེ་གནད་འཁེལ་ཇུས་འདོན་དང་རིགས་དབྱེ་ལག་བསྟར་བྱེད་དགོས། སྡོད་དམངས་རང་མོས་ཡིན་པ་རྒྱུན་འཁྱོངས་དང་། མང་ཚོགས་ཧུར་ཐག་གིས་ཞུགས་པར་ཁྲིད་སྟོན་བྱས་ཏེ། མཉམ་སྐྲུན་མཉམ་བཅོས་མཉམ་སྤྱོད་མངོན་འགྱུར་བྱེད་དགོས། སྲུང་སྐྱོང་སྔོན་ལ་འཇོག་རྒྱུ་མཐའ་འཁྱོངས་ཀྱིས་སྐྱེ་ཁམས་ཁོར་ཡུག་དང་། ལོ་རྒྱུས་ཀྱི་དྲན་ཤེས། རིག་གནས་ཀྱི་འབྲེལ་བ་བཅས་ལ་སྲུང་སྐྱོང་བྱ་རྒྱུར་མཐོང་ཆེན་བྱེད་དགོས། འཛུགས་སྐྲུན་དང་དོ་དམ་གལ་ཆེན་མཉམ་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་ཆེད་ལས་སྡེ་ལས་ཚོགས་པ་ནང་འདྲེན་བྱེད་པ་དང་སྣ་མང་ཅན་གྱི་ཞབས་ཞུ་མཁོ་འདོན་བྱས་ནས་སྤྱི་ཡོངས་ཀྱི་དོ་དམ་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་དགོས། ཁྲིམས་ལྟར་དང་། ཚན་རིག་དང་མཐུན་པ། ཕྱོགས་བསྡུས་སྒྱུར་བཀོད་བཅས་མཐའ་འཁྱོངས་བྱས་ནས་སྡོད་ཁུལ་རྙིང་པའི་མི་སྡོད་ཁོར་ཡུག་གི་སྤུས་ཚད་མཐོ་རུ་ཧུར་ཐག་གཏོང་དགོས་ཟེར།
ཡིག་སྒྱུར་བ། ཤ་བོ་གསེར་མཚོ།