རྒྱལ་ཡོངས་དམངས་གཉེར་དཔལ་འབྱོར་མི་སྣའི་ཕུགས་བསམ་དད་མོས་སློབ་གསོའི་རྟེན་གཞིའི་སྒོ་བྱང་གི་ཡོལ་བ་འབྱེད་པའི་མཛད་སྒོ་རྡུལ་ཕྲན་མཁར་ནས་བསྡུས།
2020.08.12 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 58

ཟླ་བརྒྱད་པའི་ཚེས་བཅུ་ཉིན། རྒྱལ་ཡོངས་དམངས་གཉེར་དཔལ་འབྱོར་མི་སྣའི་ཕུགས་བསམ་དད་མོས་སློབ་གསོའི་རྟེན་གཞིའི་སྒོ་བྱང་གི་ཡོལ་བ་འབྱེད་པའི་མཛད་སྒོ་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྡུལ་ཕྲན་མཁར་ནས་བསྡུས། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཏང་ཙུའུ་ཡི་ཁོངས་མི། ཀྲུའུ་ཞི་གཞོན་པ་ལིས་ཀྲའོ་ཆན་དང་། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ། མཚོ་བྱང་ཁུལ་ཨུའི་ཧྲུའུ་ཅི་ཉི་མ་སྒྲོལ་མ། ཧྲིན་ཀྲང་གཞོན་པ། ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཁོང་ཡུང་བཅས་མཛད་སྒོར་ཞུགས།

ལིས་ཀྲའོ་ཆན་གྱིས་ཤིས་ཚིག་འབུལ་སྐབས་བཤད་རྒྱུར། འབར་མདེལ་གཉིས་དང་འཁོར་སྐར་གཅིག་གི་སྙིང་སྟོབས་དང་ཁེ་ལས་པའི་སྙིང་སྟོབས་གཉིས་ངོ་བོའི་ཆ་ནས་ཚད་མཐོའི་མཉམ་འདྲེས་ཡོང་བར་བྱེད་པ་ནི། རྒྱ་ཆེའི་དམངས་གཉེར་ཁེ་ལས་པས་དཀའ་ངལ་དང་བར་ཆད་ཁྱད་དུ་སེལ་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་ཁྲོད་ཧུར་ཐག་གིས་ཞུགས་པར་སྐུལ་མ་གཏོང་བའི་བསམ་པའི་སྟོབས་ཤུགས་ཆེན་པོ་ཡིན་པས། རྒྱ་ཆའི་དམངས་གཉེར་དཔལ་འབྱོར་མི་སྣས་ཕུགས་བསམ་དད་མོས་ཇེ་བརྟན་དུ་བཏང་སྟེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་མཛུབ་སྟོན་འོག་ཏུ། རང་རྟོགས་ཀྱིས་མི་སྒེར་གྱི་ཕུགས་བསམ་དང་སྤྱི་ཚོགས་གོང་འཕེལ་གཉིས་དམ་པོར་སྦྲེལ་བ་དང་། ཁེ་ལས་ཀྱི་འཕེལ་རྒྱས་དང་མེས་རྒྱལ་གྱི་ལས་དབང་གཉིས་དམ་པོར་སྦྲེལ་ནས། འཚོལ་ཞིབ་དང་གསར་གཏོད་བྱེད་ཕོད་པར་བྱས་ཏེ། འབར་མདེལ་གཉིས་དང་འཁོར་སྐར་གཅིག་གི་སྙིང་སྟོབས་དེར་ཁེ་ལས་འཕེལ་རྒྱས་ཀྱི་ཁྲོད་དུ་དུས་རབས་ཀྱི་འོད་སྣང་གསར་བ་འཕྲོ་རུ་འཇུག་དགོས་ཟེར།

ཉི་མ་སྒྲོལ་མས་བསྟན་དོན། རྒྱལ་ཡོངས་དམངས་གཉེར་དཔལ་འབྱོར་མི་སྣའི་ཕུགས་བསམ་དད་མོས་སློབ་གསོའི་རྟེན་གཞིའི་སྒོ་བྱང་གི་ཡོལ་རས་བླངས་ནས་བཙུགས་པ་ལས་བསམ་བློར་བྱི་དོར་བྱེད་པ་དང་། བསམ་པ་གཙང་མར་བསྒྱུར་བ། ཕུགས་བསམ་ཇེ་བརྟན་དུ་གཏོང་བ། ལྷག་བསམ་དཀར་པོས་རྒྱལ་ཁབ་ལ་དྲིན་ལན་འཇལ་བ་བཅས་ཀྱི་བསམ་བློ་སློབ་གསོའི་སྒར་ས་ཞིག་བཙུགས་པ་རེད། འདི་ནས་རྒྱ་ཆའི་དམངས་གཉེར་དཔལ་འབྱོར་མི་སྣས་ཆེས་བརྟན་པའི་ཕུགས་བསམ་དད་མོས་ཀྱི་སློབ་གསོ་དང་། ཆེས་ཟབ་པའི་ཏང་གཤིས་ཀྱི་སློབ་གསོ། ཆེས་ཐད་ཀར་གྱི་རྒྱལ་ཁབ་གནས་ཚུལ་གྱི་སློབ་གསོ། ཆེས་གསོན་ཉམས་ལྡན་པའི་མི་རིགས་མཐུན་སྒྲིལ་གྱི་སློབ་གསོ་བཅས་མྱོང་ཐུབ། ཚང་མའི་ཐུན་མོང་གི་འབད་བརྩོན་འོག་ཏུ། རླབས་ཆེ་བའི་འབར་མདེལ་གཉིས་དང་འཁོར་སྐར་གཅིག་གི་སྙིང་སྟོབས་དང་དུས་རབས་གསར་པའི་ཁེ་ལས་པའི་སྙིང་སྟོབས་གཉིས་རྒྱུད་མ་ཆད་པར་མཉམ་འདྲེས་མཉམ་འཕེལ་ཡོང་ནས་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཐུབ་པར་ཡིད་ཆེས་ཡོད་ཟེར།

མཛད་སྒོའི་རྗེས་སུ། ན་གཞོན་ཁེ་ལས་པ་ཚོས་འབར་མདེལ་གཉིས་དང་འཁོར་སྐར་གཅིག་གི་སྙིང་སྟོབས་སྒྲོག་འགྲེལ་སྙན་ཞུ་ལ་ཉན་པ་དང་། རྡུལ་ཕྲན་མཁར་རྗེས་དྲན་ཁང་དང་འགད་གཏོར་ཚོད་ལྟ་བྱེད་ས་རུ་ལྟ་སྐོར་བྱས།