ལིའུ་ཐོ་ཡིས་འགོ་འཛིན་བྱས་ཏེ་དོ་དམ་མངའ་ཁོངས་ཀྱིས་ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ཉེན་བརྡ་གཏོང་བའི་སློབ་གསོའི་ཚོགས་ཆེན་གྱི་དགོངས་དོན་ལག་བསྟར་དང་དངོས་འབེབས་བྱེད་པའི་བརྙན་འཕྲིན་ཁ་པར་གྲོས་ཚོགས་བསྡུས།
2020.08.14 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 18

ཟླ་བརྒྱད་པའི་ཚེས་བཅུ་གཉིས་ཉིན་གྱི་ཕྱི་དྲོར། ཧྲིན་ཀྲང་གཞོན་པ་ལིའུ་ཐོ་ཡིས་འགོ་འཛིན་བྱས་ཏེ་དོ་དམ་མངའ་ཁོངས་ཀྱིས་ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ཉེན་བརྡ་གཏོང་བའི་སློབ་གསོའི་ཚོགས་ཆེན་གྱི་དགོངས་དོན་ལག་བསྟར་དང་དངོས་འབེབས་བྱེད་པའི་བརྙན་འཕྲིན་ཁ་པར་གྲོས་ཚོགས་བསྡུས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཀྲུང་དབྱང་འགོ་ཁྲིད་བློ་མཐུན་གྱི་མཆན་བཀོད་མཛུབ་སྟོན་གྱི་རེ་བ་སློབ་སྦྱོང་དང་ལག་བསྟར་བྱས་ཤིང་། ཞིང་ཆེན་ཡོངས་ཀྱི་ཉེན་བརྡ་གཏོང་བའི་སློབ་གསོའི་ཚོགས་ཆེན་གྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། འབྲེལ་ཡོད་བྱ་བར་ནན་བཤད་བྱས་པ་དང་ཡང་བསྐྱར་བཀོད་སྒྲིག་བྱས།

ཚོགས་ཐོག་ནས་བསྟན་དོན། ས་གནས་སོ་སོ་དང་འབྲེལ་ཡོད་ལས་ཁུངས་སོ་སོས་བསམ་བློ་གཅིག་གྱུར་དང་ལངས་གནས་མཐོར་འདེགས་སུ་བཏང་སྟེ། ཏན་ཏན་ཏིག་ཏིག་སྒོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་མོ་བྱེད་པའི་ཆེད་དོན་བྱ་འགུལ་སྤེལ་དགོས། ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གི་རེ་བ་ལྟར། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཁྱབ་ཁོངས་ཀྱི་བྱ་བ་གཙོ་བོ་དང་ལས་འགན་གཙོ་བོར་ཁྱོན་ཡོངས་ཕྱིར་ལྟ་བྱེད་པ་དང་། དག་ཐེར་བཅོས་སྒྱུར་ཁྲོད་དུ་གནས་པའི་གནད་དོན་ལ་ནན་ཏན་སྒོས་ཞིབ་བཤེར་བྱེད་དགོས།

འགན་འཁྲི་ཁག་ཁུར་བྱེད་པ་དང་མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་སྣོན་ཞིང་བྱ་བ་སྣ་ཚོགས་གང་ལེགས་སྒོས་བསྒྲུབ་ནས། ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་། དེ་མིན་མི་དམངས་མང་ཚོགས་བཅས་ཡིད་ཚིམས་པའི་གྲུབ་འབྲས་ཆེན་པོ་ལེན་དགོས་ཟེར།

ལོ་ཙཱ་བ། བཀྲ་ཤིས་འབུམ།