མགོན་པོ་བཀྲ་ཤིས་ཀྱིས་ཡིད་ཆེས་བརྟན་པོས་བོད་འབྲེལ་ཁྱབ་ཁོངས་ཀྱི་འཆམ་མཐུན་གཏན་འཇགས་ལ་སྲུང་སྐྱོབ་བྱེད་དགོས་པ་ནན་གྱིས་བསྟན། 
2020.08.14 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 29

ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་དང་ཞིང་ཆེན་ཏང་ཨུའི་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་། ཞིང་ཆེན་མི་རིགས་ཆོས་ལུགས་བྱ་བའི་ཨུ་ཡོན་ལྷན་ཁང་། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་བཅས་ཀྱིས་གཙོ་བསྒྲུབ་བྱས་པའི་དུས་རབས་གསར་བའི་བོད་འབྲེལ་གཞི་རིམ་བཅོས་སྐྱོང་གླེང་སྟེགས་དང་བོད་འབྲེལ་གཞི་རིམ་ཆོས་ལུགས་བཅོས་སྐྱོང་བྱ་བའི་ཡུལ་དངོས་སྐུལ་འདེད་ཚོགས་འདུ་ཟླ་བརྒྱད་པའི་ཚེས་བཅུ་གཉིས་ཉིན་ནས་ཚེས་བཅུ་གསུམ་ཉིན་བར་མཚོ་ལྷོ་བོད་རིག་རང་སྐྱོང་ཁུལ་ཐུན་ཏེ་རྫོང་ནས་འཚོགས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་མགོན་པོ་བཀྲ་ཤིས་དང་། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། མཚོ་ལྷོ་ཁུལ་ཏང་ཨུའི་ཧྲུའུ་ཅི་ཀྲང་ཝུན་ཁོས་གཉིས་གྲོས་ཚོགས་ལ་ཞུགས་ནས་གཏམ་བཤད། 

མགོན་པོ་བཀྲ་ཤིས་ཀྱིས་བསྟན་དོན། ཉེ་བའི་ལོ་འགའི་རིང་ལ་རང་ཞིང་གི་བོད་འབྲེལ་གཞི་རིམ་ཆོས་ལུགས་བཅོས་སྐྱོང་བྱ་བར་གྲུབ་འབྲས་བཟང་བོ་ཐོབ་ཡོད་པ་དང་། བོད་འབྲེལ་ས་ཁུལ་གྱི་སྤྱི་ཚོགས་འགལ་བ་གཙོ་བོ་དང་དམིགས་བསལ་འགལ་བ་ཕན་ཚུན་བསྣོལ་མར་སྦྲེལ་ཏེ་འགྱུར་ལྡོག་གསར་བའི་ཁྱད་ཆོས་མངོན་ཡོད་ཟེར། ཁོས་ནན་གྱིས་བསྟན་དོན། བོད་འབྲེལ་ས་ཁུལ་གྱི་ཞང་དང་སྡེ་བའི་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བ་དང་། ཆོས་ལུགས་བཅོས་སྐྱོང་གི་གནད་དོན་གཙོ་བོ་དམ་འཛིན་བྱས་ཤིང་། ལམ་ལུགས་གསར་གཏོད་ཀྱི་གནད་འགག་ལས་རིགས་འབུར་དུ་ཐོན་པར་བྱེད་པ་དང་། ནུས་པའི་འཛུགས་སྐྲུན་གྱི་ཞན་ཆ་ཁ་གསབ་བྱས་ཏེ། འགན་འཁྲིའི་ཁག་ཁུར་ཇེ་དྲག་ཏུ་བཏང་ནས་བྱ་བའི་ལག་ལེན་ཁྲོད་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཞིང་སྡེ་བྱ་བའི་བཅོས་སྐྱོང་གི་གནད་དོན་གཙོ་བོའི་མཆན་བཀོད་མཛུབ་སྟོན་གལ་ཆེན་དང་པུའུ་ཀྲང་ཡུག་ཆོན་གྱིས་མཚོ་སྔོན་དུ་རྟོག་ཞིབ་བྱེད་སྐབས་ཀྱི་གཏམ་བཤད་གལ་ཆེན། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པའི་དགོངས་དོན་བཅས་སློབ་སྦྱོང་དང་ལག་ལེན་གང་ལེགས་བྱས་ཏེ། ཤུགས་ཆེན་པོས་ཞང་དང་སྡེ་བའི་བཅོས་སྐྱོང་ཁྲོད་ཀྱི་ཆོས་ལུགས་བྱ་བའི་དཀའ་གནད་ཐག་གཅོད་བཟང་བོ་བྱེད་པ་དང་ཟོལ་མེད་ཀྱིས་བོད་འབྲེལ་ཁྱབ་ཁོངས་ཀྱི་འཆམ་མཐུན་གཏན་འཇགས་ལ་སྲུང་སྐྱོབ་བྱེད་དགོས་ཟེར། 

ཀྲང་ཝུན་ཁོས་ཀྱིས་བསྟན་དོན། མཚོ་ལྷོ་ཁུལ་གྱི་རིམ་པ་སོ་སོའི་གཞི་རིམ་ཏང་སྲིད་རྩ་འཛུགས་ཀྱིས་ཐེངས་འདིའི་གྲོས་ཚོགས་ཀྱི་དགོངས་དོན་དངོས་འབེབ་བཟང་བོ་བྱེད་པ་དང་། བསམ་བློའི་དྲག་ཆས་སྤྲས་པ་དེ་གཞི་རིམ་ཆོས་ལུགས་བཅོས་སྐྱོང་གི་ལས་འགན་གཙོ་བོར་བྱེད་པ་དང་ལམ་ལུགས་གསར་གཏོད་དེ་གཞི་རིམ་ཆོས་ལུགས་བཅོས་སྐྱོང་གི་གཞི་རྩའི་བྱེད་ཐབས་སུ་བྱེད་པ། འགན་འཁྲིའི་ཁག་ཁུར་དོན་འཁྱོལ་ནན་མོ་བྱེད་པ་དེ་གཞི་རིམ་ཆོས་ལུགས་བཅོས་སྐྱོང་གི་གནད་སར་འཛིན་པ་དང་། འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བ་དེ་གཞི་རིམ་ཆོས་ལུགས་བཅོས་སྐྱོང་གི་གཞི་རྩའི་ཐབས་ཇུས་སུ་བྱེད་དགོས་ཟེར། 

ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་འགན་ཁུར་བློ་མཐུན་དང་ཁུལ་དྲུག་གི་འབྲེལ་ཡོད་སྡེ་ཁག དེ་མིན་རྫོང་དང་གྲོང་ཁྱེར་གྱི་འགན་ཁུར་བློ་མཐུན། ཞིང་ཆེན་ཕྱི་ནང་གི་ཆེད་མཁས་པ་ལྔ་བཅུ་ལྷག་གྲོས་ཚོགས་དང་ལྟ་སྦྱོང་ལ་ཞུགས་པར་མ་ཟད་གཏམ་བཤད་སྤེལ། 


ལོ་ཙཱ་བ། བསོད་ནམས་ཚེ་རིང་།