ཀྲུང་དབྱང་གི་བོད་ལྗོངས་བྱ་བའི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ་པེ་ཅིང་དུ་འཚོགས།
2020.08.30 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 0

ཟླ་བརྒྱད་པའི་ཚེས་ཉེར་བརྒྱད་ཉིན་ནས་ཚེས་ཉེར་དགུའི་ཉིན་བར། ཀྲུང་དབྱང་གི་བོད་ལྗོངས་བྱ་བའི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ་པེ་ཅིང་དུ་འཚོགས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གྲོས་ཚོགས་ལ་ཞུགས་པར་མ་ཟད་གསུང་བཤད་གལ་ཆེན་གནངས།

ཀྲུང་དབྱང་གི་བོད་ལྗོངས་བྱ་བའི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ་ཟླ་བརྒྱད་པའི་ཚེས་ཉེར་བརྒྱད་ཉིན་ནས་ཚེས་ཉེར་དགུའི་ཉིན་བར་པེ་ཅིང་དུ་འཚོགས།ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གྲོས་ཚོགས་ལ་ཞུགས་པར་མ་ཟད་གསུང་བཤད་གལ་ཆེན་གནངས། ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། གནས་བབ་གསར་བ་དང་ལས་འགན་གསར་བའི་མདུན་ནས། ངེས་པར་དུ་དུས་རབས་གསར་བའི་ཏང་གི་བོད་སྐྱོང་འཐབ་ཇུས་ལག་ལེན་མཐར་ཕྱིན་བྱས་ཤིང་། གནས་ལྔ་གཞི་གཅིག་ཅན་གྱི་སྤྱིའི་བཀོད་སྒྲིག་ལ་གཅིག་གྱུར་བཀོད་འདོམ་དང་སྐུལ་འདེད་གཏོང་བ་དང་། ཕྱོགས་ཡོངས་བཞིའི་འཐབ་ཇུས་བཀོད་སྒྲིག་ལ་མཐུན་སྦྱོར་སྐུལ་འདེད་གཏོང་བ། གཏན་འཇགས་ཁྲོད་ནས་ཡར་ཐོན་བརྩོན་པའི་བྱ་བའི་སྤྱིའི་རྣམ་པ་རྒྱུན་འཁྱོངས་བྱས་ཤིང་། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་ཇེ་བརྟན་དུ་གཏོང་བ་དང་། འཕེལ་རྒྱས་སྤུས་ཚད་ཇེ་མཐོར་གཏོང་བ། དམངས་འཚོར་འགན་སྲུང་དང་ལེགས་བཅོས་བྱེད་པ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། ཏང་གི་རྩ་འཛུགས་དང་སྲིད་དབང་འཛུགས་སྐྲུན་ལ་ཤུགས་སྣོན་པ། རྒྱལ་ཁབ་ཀྱི་བདེ་འཇགས་དང་ཡུན་རིང་གཏན་འཇགས་ལ་འགན་སྲུང་བྱེད་པ། མི་དམངས་ཀྱི་འཚོ་བའི་ཆུ་ཚད་རྒྱུན་ཆད་མེད་པར་ཇེ་མཐོར་གཏོང་བར་འགན་སྲུང་བྱེད་པ། སྐྱེ་ཁམས་ཁོར་ཡུག་བཟང་བོ་སྲུང་འཛིན་བྱེད་པ། མཐའ་སྲུང་སྲ་བརྟན་དང་མཐའ་སྲུང་བདེ་འཇགས་ལ་ཁག་ཐེག་བྱས་ཏེ། ཧུར་ཐག་སྒོས་མཐུན་སྒྲིལ་དང་འབྱོར་ཕྱུག དཔལ་ཡོན། འཆམ་མཐུན། མཛེས་སྡུག་བཅས་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་བ་འཛུགས་སྐྲུན་བྱེད་དགོས་ཞེས་བསྟན། 

ལིས་ཁི་ཆང་གིས་གྲོས་ཚོགས་ལ་མགོ་འཛིན་མཛད། ལེ་ཀྲན་ཧྲུའུ་དང་། ཝང་ཧུའུ་ཉིང་། ཀྲའོ་ལི་ཅི། ཧན་ཀྲིན་བཅས་གྲོས་ཚོགས་ལ་ཞུགས། ཝང་དབྱང་གིས་སྤྱི་བསྡོམས་གསུང་བཤད་གནངས། 

ཞི་ཅིན་ཕིང་གིས་གསུང་བཤད་གནང་སྐབས་བསྟན་དོན། ཀྲུང་དབྱང་གི་བོད་ལྗོངས་བྱ་བའི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་ཚུན་ལ། ཏང་ཀྲུང་དབྱང་གི་མགོ་ཁྲིད་བརྟན་པོའི་འོག་དང་རྒྱལ་ཡོངས་མི་དམངས་ཀྱི་ཤུགས་ཆེན་པོའི་རྒྱབ་སྐྱོར་འོག བོད་ལྗོངས་ཀྱི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཀྱིས་མཐུན་སྒྲིལ་མཉམ་གནས་དང་དཀའ་སྤྱད་འབད་བརྩོན་བྱས་ཏེ། དུས་ཡུན་རིང་བོར་ཐག་གཅོད་བྱེད་འདོད་ཀྱང་ཐག་གཅོད་མ་ཐུབ་པའི་དཀའ་གནད་མང་བོ་ཐག་གཅོད་བྱས་པ་དང་། སྔོན་ཆད་བསྒྲུབ་འདོད་ཀྱང་བསྒྲུབ་མ་ཐུབ་པའི་དོན་ཆེན་མང་བོ་བསྒྲུབས་ཏེ། ལས་དོན་སྣ་ཚོགས་ལ་ཕྱོགས་ཡོངས་ནས་གོང་འཕེལ་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད། ལག་ལེན་ལས་ཏང་ཀྲུང་དབྱང་གི་བོད་ལྗོངས་བྱ་བའི་བྱེད་ཕྱོགས་སྲིད་ཇུས་ནི་ཡང་དག་ཡིན་པ་བདེན་དཔང་གང་ལེགས་ཐོབ་ཡོད་པ་དང་། བོད་ལྗོངས་ཀྱིས་རྒྱུན་མཐུད་གཏན་འཇགས་དང་མགྱོགས་མྱུར་འཕེལ་རྒྱས་མངོན་འགྱུར་བྱུང་བ་ནི་ཏང་དང་རྒྱལ་ཁབ་ཀྱི་བྱ་བའི་ཆེ་ཕྱོགས་ཀྱི་བྱས་རྗེས་གལ་ཆེན་ཞིག་ཡིན། ཞི་ཅིན་ཕིང་གིས་ཏང་ཀྲུང་དབྱང་གི་ཚབ་མཛད་དེ་གངས་ལྗོངས་མཐོ་སྒང་དུ་འབད་འཐབ་བྱེད་པའི་རྒྱ་ཆེའི་བློ་མཐུན་ཚོ་དང་། ཁྱད་པར་དུ་ལས་ཡུལ་དང་པོ་གཏན་སྲུང་དང་། ལས་ཡུལ་དང་པོར་ཞབས་ཞུ་བྱེད་པའི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ལ་ལྷག་བསམ་རྣམ་དག་གིས་འཚམས་འདྲི་མཛད། 

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཏང་ཀྲུང་དབྱང་གིས་ནམ་རྒྱུན་བོད་ལྗོངས་བྱ་བར་མཐོང་ཆེན་བྱེད་ཅིང་། བཅོས་བསྒྱུར་སྒོ་འབྱེད་བྱས་པའི་ཚུན་ལ་སྔ་རྗེས་སུ་བོད་ལྗོངས་བྱ་བའི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་སྤེལ་བ་དང་། ཐེངས་རེ་རེར་དངོས་ཡོད་གནས་ཚུལ་ལ་གཞིགས་ཏེ་འཐབ་ཇུས་བཀོད་སྒྲིག་གལ་ཆེན་བཏོན་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། བོད་ལྗོངས་བྱ་བའི་མདུན་དུ་ལྷགས་པའི་གནས་བབ་དང་ལས་འགན་ལ་འགྱུར་ལྡོག་ཆེན་པོ་བྱུང་། ང་ཚོས་བོད་ལྗོངས་བྱ་བའི་ཆོས་ཉིད་རང་བཞིན་གྱི་ངོས་འཛིན་ཇེ་ཟབ་ཏུ་བཏང་བ་དང་། ཏང་གི་མི་དམངས་ཀྱི་སྣེ་ཁྲིད་ནས་བོད་ལྗོངས་ཀྱི་བཅོས་སྐྱོང་དང་གཏན་འཇགས། དར་རྒྱས་བཅས་བྱས་པའི་ཉམས་མྱོང་བཟང་བོར་སྤྱི་བསྡོམས་བྱས་ཏེ། དུས་རབས་གསར་བའི་བོད་སྐྱོང་འཐབ་ཇུས་སུ་གྲུབ་ཡོད། བོད་ལྗོངས་བྱ་བ་བཟང་བོར་བསྒྲུབས་ན། ངེས་པར་དུ་ཀྲུང་གོ་གུང་ཁྲན་ཏང་གི་མགོ་ཁྲིད་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་དང་མི་རིགས་ས་ཁོངས་ཀྱི་རང་སྐྱོང་ལམ་ལུགས་རྒྱུན་འཁྱོངས་བྱེད་དགོས་པ་དང་།  ངེས་པར་དུ་རྒྱལ་སྐྱོང་བྱེད་ན་ཐོག་མར་མཐའ་མཚམས་སྐྱོང་བ་དང་མཐའ་མཚམས་སྐྱོང་ན་ཐོག་མར་བོད་ལྗོངས་གཏན་འཇགས་ཡོང་བར་བྱེད་དགོས་པའི་འཐབ་ཇུས་བསམ་བློ་རྒྱུན་འཁྱོངས་བྱེད་དགོས། ངེས་པར་དུ་མེས་རྒྱལ་གཅིག་གྱུར་ལ་སྲུང་སྐྱོབ་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བྱེད་པ་དེ་བོད་ལྗོངས་བྱ་བའི་གཞི་འཛིན་ས་དང་ཤུགས་རྒྱག་སར་བྱེད་དགོས་ལ། ངེས་པར་དུ་ཁྲིམས་ལྟར་བོད་ལྗོངས་སྐྱོང་བ་དང་དམངས་ཕྱུག་བོད་དར།ཡུན་རིང་བོད་ལྗོངས་འཛུགས་སྐྲུན།མི་སེམས་གཅིག་སྒྲིལ།རྨང་གཞི་བརྟན་གཏོང་བཅས་ཀྱི་རྩ་དོན་གལ་ཆེན་རྒྱུན་འཁྱོངས་བྱེད་པ།ངེས་པར་དུ་རྒྱལ་ནང་དང་རྒྱལ་སྤྱིའི་གནས་བབ་ཆེན་པོ་གཉིས་ལ་གཅིག་གྱུར་འཆར་འགོད་བྱེད་དགོས།ངེས་པར་དུ་དམངས་འཚོ་ལེགས་བཅོས་དང་།མི་སེམས་གཅིག་སྒྲིལ་བྱ་རྒྱུ་དེ་དཔལ་འབྱོར་དང་སྤྱི་ཚོགས་གོང་སྤེལ་གྱི་ཐོག་མའི་ཀུན་སློང་དང་མཐར་ཐུག་གི་དམིགས་འབེན་དུ་བརྩི་དགོས། ངེས་པར་དུ་མི་རིགས་སོ་སོའི་འགྲོ་འོང་བརྗེ་རེས་དང་མཉམ་འདྲེས་ལ་སྐུལ་འདེད་གཏོང་དགོས། ངེས་པར་དུ་རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་དང་ཁྲིམས་ལྟར་ཆོས་ལུགས་ལས་དོན་ལ་དོ་དམ་བྱེད་པ་རྒྱུན་འཁྱོངས་བྱེད་དགོས། ངེས་པར་དུ་སྐྱེ་ཁམས་སྲུང་སྐྱོབ་དང་པོར་འཇོག་པ་རྒྱུན་འཁྱོངས་བྱེད་དགོས་པར་མ་ཟད། ངེས་པར་དུ་ཏང་གི་འཛུགས་སྐྲུན་དང་ཁྱད་པར་དུ་ཆབ་སྲིད་འཛུགས་སྐྲུན་ལ་ཤུགས་སྣོན་དགོས། དུས་རབས་གསར་བའི་ཏང་གི་བོད་སྐྱོང་འཐབ་ཇུས་ནི་བོད་ལྗོངས་བྱ་བ་བཟང་བོར་བསྒྲུབས་པའི་གཞི་རྩའི་རྩ་འཛིན་ཡིན་པས་ངེས་པར་དུ་དུས་ཡུན་རིང་བོར་རྒྱུན་འཁྱོངས་དང་ཕྱོགས་ཡོངས་ནས་དངོས་འབེབ་བྱེད་དགོས་ཞེས་གསུངས། 

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ལག་ལེན་མཐར་ཕྱིན་བྱེད་པ་དང་འཕེལ་རྒྱས་དོ་མཉམ་མིན་པའི་གནད་དོན་ལ་དམིགས་ཏེ། འཕེལ་རྒྱས་ཀྱི་རྣམ་པ་ལེགས་བསྒྱུར་བྱེད་པ་གནད་དུ་འཛིན་པ་དང་། རྐྱེན་གཙོ་བོ་དང་སྒྲིག་ཆས་འཛུགས་སྐྲུན་གཞོགས་འདེགས་སུ་བྱེད་པ། ལམ་ལུགས་རྐྱེན་སྲོལ་འགན་སྲུང་དུ་བྱས་ནས། གཅིག་གྱུར་བཀོད་འདོམ་དང་འཆར་འགོད་བྱེད་པ་དང་། རིགས་དགར་ཇུས་བསྟར་བྱེད་པ། གནད་འཁེལ་ཤུགས་འདོན་བྱས་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། དབུལ་ཐར་གྲུབ་འབྲས་སྲ་བརྟན་དུ་གཏོང་བའི་ཐད་ཤུགས་འདོན་པ་དང་བྱེད་ཐབས་སྔར་ལས་མང་བོ་འདོན་དགོས་པར་མ་ཟད། རྗེས་མཐུད་ཀྱི་རོགས་སྐྱོར་མང་དུ་བྱེད་དགོས། ཞང་དང་སྡེ་བའི་དར་རྒྱས་ཕན་ནུས་ལྡན་པར་སྦྲེལ་མཐུད་བྱེད་པ་དང་། ཁྱད་པར་དུ་ཉིན་རྒྱུན་འཚོ་བར་འབྲེལ་བ་དམ་ཟབ་ཡོད་པའི་འགྲིམ་འགྲུལ་སྒྲིག་ཆས་དང་སྨན་བཅོས། སློབ་གསོ། རྒན་གསོའི་སྤྱི་ཚོགས་འགན་སྲུང་སོགས་ཁྱོན་ཡོངས་ལ་ཁེབས་པར་བྱེད་དགོས། ཁྲོན་བོད་ལྕགས་ལམ་འཛུགས་སྐྲུན་སོགས་ལས་གཞིར་དམིགས་ཏེ། རྨང་གཞིའི་སྒྲིག་ཆས་དང་སྤྱི་བའི་ཞབས་ཞུའི་སྒྲིག་ཆས་ཆེན་པོ་སྐོར་ཞིག་གི་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས། མཐུན་སྒྲིལ་དང་བདེ་སྐྱིད་ཀྱི་བགྲོད་ལམ་སྔར་ལས་མང་བོ་འཛུགས་སྐྲུན་བྱེད་དགོས། ལས་ཞུགས་ཐད་རོགས་སྐྱོར་བྱེད་པའི་ནུས་པ་གསོ་སྤེལ་དང་ལས་ཞུགས་ཀྱི་གོ་སྐབས་སྔར་ལས་མང་བོ་འདོན་སྤྲོད་བྱས་ནས། ཐབས་ལམ་མང་བོའི་ཚོང་རའི་ལས་ཞུགས་ལ་སྐུལ་འདེད་གཏོང་དགོས། རང་བྱུང་ཚན་རིག་དང་ཞིང་ལས། གསོ་རིག་སོགས་ཤེས་ལྡན་མི་སྣ་དཀོན་པོ་གསོ་སྐྱོང་བྱེད་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་ཀྱི་འཕེལ་རྒྱས་དང་མ་འོངས་ཚོང་རའི་དགོས་མཁོར་དམིགས་ནས་ལས་རིགས་སློབ་གསོ་བཟང་བོར་སྤེལ་བ་དང་། ཚན་རིག་དང་མཐུན་པར་རིག་ཚན་བཀོད་སྒྲིག་དང་རིམ་པ་དང་ཆུ་ཚད་ཇེ་མཐོར་བཏང་སྟེ། ཆེད་ལས་རྩལ་ནུས་ཅན་གྱི་དངོས་བཀོལ་ཤེས་ལྡན་མི་སྣ་མང་བོ་གསོ་སྐྱོང་བྱེད་དགོས་ཞེས་གསུངས། 

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཏང་སྐྱོང་ནན་མོ་བྱེད་པར་སྐུལ་འདེད་བཏང་སྟེ་ཕྱོགས་ཡོངས་ནས་རིམ་པ་སོ་སོའི་མགོ་ཁྲིད་ཚན་ཁག་དང་ལས་བྱེད་པའི་འཇོན་མིའི་དཔུང་སྡེ། གཞི་རིམ་རྩ་འཛུགས་བཅས་ཀྱི་འཛུགས་སྐྲུན་ལ་ཤུགས་སྣོན་བྱེད་པ་དང་། རིམ་པ་སོ་སོའི་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན། ལས་བྱེད་པ་དག་རིགས་སོ་སོའི་མང་ཚོགས་ཀྱིས་ཉམས་ཉེན་ཐག་གཅོད་བྱེད་པ་དང་དཀའ་ཁག་འགྲན་རྩོད་ལས་རྣམ་པར་རྒྱལ་བ། བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་ཆབ་སྲིད་སྟོབས་ཤུགས་སུ་འགྱུར་བར་འགན་སྲུང་བྱེད་དགོས། ཏང་གི་ཆབ་སྲིད་འཛུགས་སྐྲུན་ལ་ཤུགས་སྣོན་བྱས་ཤིང་། དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་ཏང་ཡོན་དང་ལས་བྱེད་པའི་ཀླད་པར་དྲག་ཆས་སྤྲས་པ་དང་། ཐོག་མའི་སེམས་འདུན་མི་བརྗེད་པ་དང་འགན་འཁྲི་ཡིད་ལ་དམ་པོར་བཅངས་པ་བརྗོད་སྙིང་ཡིན་པའི་སློབ་གསོའི་གྲུབ་འབྲས་རྒྱུན་འཁྱོངས་བྱས་ཏེ། ཆབ་སྲིད་སྒྲིག་ལམ་དང་ཆབ་སྲིད་སྒྲིག་སྲོལ་གཏན་སྲུང་བྱེད་པ་དང་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་བྱ་བའི་ཤུགས་ཚད་ཇེ་ཆེར་བཏང་སྟེ། རིམ་པ་སོ་སོའི་ཏང་རྩ་འཛུགས་དང་ཏང་ཡོན། ལས་བྱེད་པ་བཅས་ཀྱི་འཐབ་རྩོད་དྲག་པོར་ཁ་གཏད་འཇལ་བ་དང་ཉེན་ཁ་ཆེན་པོར་དོགས་ཟོན་བྱེད་པའི་ནུས་པ་ཇེ་མཐོར་བཏང་ནས། སྤྱོད་གཙང་དྲང་བདེན་གྱི་ཆབ་སྲིད་སྐྱེད་ཁམས་གསར་བསྐྲུན་བྱེད་དགོས་ཞེས་གསུངས། 

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་དབྱང་གིས་བོད་ལྗོངས་ལ་རྒྱབ་སྐྱོར་བྱེད་པ་དང་། རྒྱལ་ཡོངས་ཀྱིས་བོད་ལྗོངས་ལ་རོགས་སྐྱོར་བྱེད་པ་ནི་ཏང་ཀྲུང་དབྱང་གི་ནམ་རྒྱུན་འགྱུར་མེད་ཀྱི་སྲིད་ཇུས་ཡིན་པས། ངེས་པར་དུ་དུས་ཡུན་རིང་བོར་རྒྱུན་འཁྱོངས་བྱས་ཤིང་། ནན་ཏན་གྱིས་ཉམས་མྱོང་སྤྱི་བསྡོམས་བྱས་ཏེ་བོད་ལྗོངས་ལ་རོགས་སྐྱོར་བྱེད་པའི་བྱ་བའི་རྣམ་པ་གསར་བ་གསར་གཏོད་བྱེད་དགོས། སི་ཁྲོན་དང་ཡུན་ནན། ཀན་སུའུ། མཚོ་སྔོན་བཅས་ཞིང་ཆེན་བཞིའི་ཏང་ཨུ་ཡིས་བོད་འབྲེལ་བྱ་བར་མཐོང་ཆེན་བྱེད་པ་དང་། འགན་འཁྲི་གཙོ་བོ་ཁུར་དུ་བླངས་ཏེ། བོད་རང་སྐྱོང་ལྗོངས་བར་གྱི་མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་སྣོན་དགོས། ཀྲུང་དབྱང་གིས་མུ་མཐུད་དུ་ཞིང་ཆེན་བཞིའི་བོད་འབྲེལ་བྱ་བའི་རྒྱབ་སྐྱོར་ཤུགས་ཚད་ཇེ་ཆེར་བཏང་སྟེ། བོད་འབྲེལ་ཁུལ་དང་རྫོང་གི་རྨང་གཞིའི་སྒྲིག་ཆས་ལེགས་བཅོས་བྱེད་པ་དང་། སྐྱེ་ཁམས་སྲུང་སྐྱོབ་ལ་ཤུགས་སྣོན་པ། དམངས་འཚོར་འགན་སྲུང་དང་ལེགས་བཅོས་བྱེད་པ། ཁྱད་ལྡན་ཐོན་ལས་འཕེལ་རྒྱས་སུ་གཏོང་བ་བཅས་ལ་རོགས་བྱས་ནས། མང་ཚོགས་དག་སྔར་ལས་མཛེས་སྡུག་གི་འཚོ་བར་རོལ་དུ་འཇུག་དགོས་ཞེས་གསུངས། 

ལིས་ཁི་ཆང་གིས་གྲོས་ཚོགས་ལ་མགོ་འཛིན་མཛད་སྐབས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས་ཕྱོགས་ཡོངས་ནས་ཀྲུང་དབྱང་གི་ཐེངས་དྲུག་པའི་བོད་ལྗོངས་བྱ་བའི་བཞུགས་མོལ་ཚོགས་འདུའི་ཚུན་གྱི་བྱ་བའི་གྲུབ་འབྲས་དང་ཉམས་མྱོང་ལ་སྤྱི་བསྡོམས་བྱས་པ་དང་། མིག་སྔའི་བོད་ལྗོངས་བྱ་བའི་ཐད་ལྷགས་པའི་གནས་བབ་ལ་དབྱེ་ཞིབ་ཟབ་མོ་བྱས་ཡོད་ལ། དུས་རབས་གསར་བའི་ཏང་གི་བོད་སྐྱོང་འཐབ་ཇུས་དང་བོད་ལྗོངས་བྱ་བ་བཟང་བོར་བསྒྲུབས་པའི་མཛུབ་སྟོན་བསམ་བློ་རྒྱས་བཤད་བྱས་ཡོད་པར་མ་ཟད། དེང་སྐབས་དང་ཕྱིན་ཆད་ཀྱི་དུས་སྐབས་ཤིག་གི་བོད་ལྗོངས་བྱ་བའི་དམིགས་འབེན་ལས་འགན་དང་བྱེད་ཕྱོགས་སྲིད་ཇུས། འཐབ་ཇུས་བྱེད་ཐབས་བཅས་གཏན་འཁེལ་གསལ་བོ་བྱས་ཡོད་པ་དང་། ཞོར་དུ་སི་ཁྲོན་དང་ཡུན་ནན། ཀན་སུའུ། མཚོ་སྔོན་བཅས་ཞིང་ཆེན་གྱི་བོད་འབྲེལ་བྱ་བར་བཀོད་སྒྲིག་བྱས་ཡོད་ལ། དེར་ཆབ་སྲིད་རང་བཞིན་དང་བསམ་བློའི་རང་བཞིན། གཞུང་ལུགས་རང་བཞིན་བཅས་དྲག་པོ་ལྡན་ལ། དུས་རབས་གསར་བའི་བོད་ལྗོངས་བྱ་བར་མཛུབ་སྟོན་བྱེད་པའི་རྩ་འཛིན་རང་བཞིན་གྱི་ཡིག་ཆ་ཞིག་ཡིན། ཚང་མས་ནན་ཏན་གྱིས་སློབ་སྦྱོང་དང་གོ་བ་ལེན་པ་དང་། བྱ་བའི་དོན་དངོས་དང་ཟུང་འབྲེལ་བྱེད་པར་བསམ་བློ་ཡང་དག་གཏོང་བ། སྔར་ལས་ལྷག་པའི་སྒོ་ནས་བསམ་བློ་གཅིག་གྱུར་དང་ངོས་ཟིན་ཇེ་ཟབ་ཏུ་བཏང་སྟེ། བྱེད་ཐབས་ལ་ཞིབ་འཇུག་དང་དངོས་འབབ་ལག་བསྟར་བྱེད་དགོས། ཟོལ་མེད་ཀྱིས་བསམ་བློ་དང་འགུལ་སྐྱོད་དེ་ཏང་ཀྲུང་དབྱང་གི་བོད་ལྗོངས་བྱ་བའི་འཐབ་ཇུས་བཀོད་སྒྲིག་སྟེང་གཅིག་གྱུར་བྱས་ཤིང་། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བསམ་བློའི་དགོངས་པ་མཛུབ་སྟོན་དུ་བྱེད་པ་དང་། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་ཡིད་ཆེས་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོབ་གཉིས་ཀྱི་བྱ་བ་བཟང་བོར་བསྒྲུབས་ཏེ། ནུས་ཤུགས་གང་ཡོད་ཀྱིས་བྱ་བ་སྣ་ཚོགས་ཀྱི་དངོས་འབེབ་དམ་འཛིན་སྒོས་དུས་རབས་གསར་བའི་བོད་ལྗོངས་དུས་ཡུན་རིང་བོར་གཏན་འཇགས་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཞེས་གསུངས། 

ཝང་དབྱང་གིས་སྤྱི་བསྡོམས་གསུང་བཤད་གནང་སྐབས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དེ་གནས་བབ་དང་བསྟུན་ནས་ཆེ་ཕྱོགས་ལ་དམིགས་ཡོད་པ་དང་། བསམ་བློའི་གཏིང་ཟབ་ཅིང་ནང་དོན་ཕུན་སུམ་ཚོགས། གཞུང་ལུགས་རང་བཞིན་དང་མཛུབ་སྟོན་རང་བཞིན། དམིགས་སའི་རང་བཞིན་བཅས་ངེས་ཅན་ལྡན་ལ། དེ་ནི་མར་ཁེ་སི་རིང་ལུགས་ཀྱི་བདེན་ལུགས་ཀྱི་འོད་ཟེར་འཕྲོ་བའི་རྩ་འཛིན་རང་བཞིན་གྱི་ཡིག་ཆ་ཞིག་ཡིན་པ་དང་། དུས་རབས་གསར་བའི་བོད་ལྗོངས་བྱ་བ་བཟང་བོར་བསྒྲུབ་པར་གཞི་འཛིན་ས་འདོན་སྤྲོད་བྱས་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་གཏིང་ཟབ་ཏུ་སློབ་སྦྱོང་དང་གོ་བ་ཟབ་མོ་ལེན་པ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས། བརྗོད་སྙིང་གཙོ་བོ་དང་དགོངས་དོན་ངོ་བོ་ཁོང་དུ་ཆུད་པར་བྱས་ཏེ། བྱ་བར་སྐུལ་འདེད་གཏོང་བའི་སྒུལ་ཤུགས་ཆེན་པོར་བསྒྱུར་དགོས། དུས་རབས་གསར་བའི་ཏང་གི་བོད་སྐྱོང་འཐབ་ཇུས་ལ་ཆ་ཚང་བར་གོ་བ་ལེན་པ་དང་ཕྱོགས་ཡོངས་ལག་ལེན་མཐར་ཕྱིན་བྱེད་དགོས་པ་དང་། འཐབ་ཇུས་དེ་ནི་བོད་ལྗོངས་བྱ་བ་བཟང་བོར་བསྒྲུབས་པའི་རྩ་འཛིན་དང་རྣམ་ཤེས་ཡིན་པར་ངེས་ཤེས་ཆེན་པོ་རྙེད་པ་དང་། བྱ་བ་སྣ་ཚོགས་ཀྱིས་དེ་དམིགས་ཚད་དང་ཚད་གཞིར་བྱས་ཏེ་དོན་དངོས་དང་ཟུང་འབྲེལ་གྱིས་དངོས་འབེབས་གང་ལེགས་བྱེད་དགོས། བོད་ལྗོངས་བྱ་བའི་གནས་བབ་གསར་བ་དང་ལས་འགན་གསར་བ་དམ་འཛིན་བྱས་ཤིང་། ཡུན་རིང་གི་འཐབ་ཇུས་འདོན་པ་དང་བྱེད་ཐབས་ནུས་ལྡན་སྤྱོད་པ། ཡུན་རིང་གཏན་འཇགས་ལ་ཤུགས་རྐྱེན་ཐེབས་པའི་རིམ་པ་མང་བོའི་འགལ་བ་དང་གནད་དོན་ཐག་གཅོད་བྱེད་དགོས། འབྲེལ་ཡོད་ས་ཁུལ་དང་སྡེ་ཁག་གིས་གྲོས་ཚོགས་ཀྱི་དགོངས་དོན་ལག་ལེན་དངོས་འབེབ་བྱེད་པའི་ལག་བསྟར་བསམ་འཆར་གཏན་འབེབས་བྱས་ཏེ། གྲོས་ཚོགས་ནས་གཏན་འཁེལ་བྱས་པའི་ལས་འགན་དང་བཀོད་སྒྲིག་རིམ་བཞིན་རྒྱས་འགྲེལ་བྱེད་པ་དང་། འཐབ་ཇུས་བཀོད་སྒྲིག་དེ་བྱེ་བྲག་གི་བྱ་བའི་བཀོད་སྒྲིག་ཏུ་བསྒྱུར་དགོས། རྩ་འཛུགས་མགོ་ཁྲིད་ལ་ཤུགས་སྣོན་པ་དང་བྱ་བའི་འགན་འཁྲི་དངོས་འབེབ་བྱེད་པ། མཐུན་སྦྱོར་གཞོགས་འདེགས་ཟབ་མོ་བྱེད་པ། ལྟ་རྟོག་སྐུལ་འདེད་དང་ཞིབ་བཤེར་བྱ་བ་བཟང་བོར་བསྒྲུབ་པ། གང་ནུས་ཀྱིས་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་གཏན་འགོག་བྱས་ནས། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དངོས་འབེབ་ཐུབ་པར་འགན་སྲུང་བྱེད་དགོས། སྣ་མང་ཕུན་སུམ་ཚོགས་པའི་དྲིལ་སྒྲོག་བྱ་འགུལ་རྩ་འཛུགས་བྱས་ཏེ་གྲོས་ཚོགས་ཀྱི་དགོངས་དོན་དེ་མི་ཀུན་ལ་ཤེས་སུ་འཇུག་དགོས་ཞེས་གསུངས། 

པེ་ཅིང་དུ་ཡོད་པའི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་མགོ་ཁྲིད་བློ་མཐུན། རྒྱལ་སྲིད་ཨུ་ཡོན། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་པོ། རྒྱལ་ཡོངས་སྲིད་གྲོས་ཀྱི་འབྲེལ་ཡོད་མགོ་ཁྲིད་བློ་མཐུན་སོགས་གྲོས་ཚོགས་ལ་ཞུགས། 

བོད་རང་སྐྱོང་ལྗོངས་ཏང་སྲིད་ཀྱི་འགན་ཁུར་བློ་མཐུན་དང་ས་ཁུལ་སོ་སོའི་སྲིད་ཏང་གི་འགན་ཁུར་བློ་མཐུན་གཙོ་བོ། སི་ཁྲོན་དང་ཡུན་ནན། ཀན་སུའུ། མཚོ་སྔོན་བཅས་ཞིང་ཆེན་གྱི་ཏང་སྲིད་ཀྱི་འགན་ཁུར་བློ་མཐུན་དང་། བོད་རིགས་རང་སྐྱོང་ཁུལ་ཏང་སྲིད་ཀྱི་འགན་ཁུར་བློ་མཐུན་གཙོ་བོ། དེ་མིན་ཞིང་ཆེན་སོ་སོའི་ས་ཁུལ་དང་གྲོང་ཁྱེར་གྱི་འགན་ཁུར་བློ་མཐུན། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བློ་མཐུན། འབྲེལ་ཡོད་མི་དམངས་ཚོགས་ཁག དངུལ་ལོར་ལས་ཁུངས། རྒྱལ་དབང་ཁེ་ལས་ཀྱི་འགན་ཁུར་བློ་མཐུན། དམག་དཔུང་གི་འབྲེལ་ཡོད་ལས་ཁུངས་ཀྱི་འགན་ཁུར་བློ་མཐུན་སོགས་གྲོས་ཚོགས་ལ་ཞུགས། 



ལོ་ཙཱ་བ། བསོད་ནམས་ཚེ་རིང་།