ཞི་ཅིན་ཕིང་གིས་འཇར་མན་དང་ཡོ་རོབ་རྒྱལ་ཁབ་མནའ་འབྲེལ་གྱི་འགོ་ཁྲིད་པར་མཇལ་འཕྲད་གནང་།
2020.09.15 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 28

ཚེས་བཅུ་བཞི་ཉིན་གྱི་དགོང་མོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིན་དུ་ཡོ་རོབ་རྒྱལ་ཁབ་མནའ་འབྲེལ་གྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་འཇར་མན་གྱི་ཙུང་ལི་མོ་ཁི་ཨར་དང་། ཡོ་རོབ་གླིང་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་སྨི་ཞེ་ཨར། ཡོ་རོབ་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཕུང་ཏི་ལའེ་ཨེན་བཅས་ལ་ལྷན་དུ་མཇལ་འཕྲད་གནང་བ་དང་།  ཐེངས་འདིའི་མཇལ་འཕྲད་ནི་བརྙན་རིས་ཀྱི་ལམ་ནས་སྤེལ།   ཀྲུང་གོ་དང་འཇར་མན་གྱི་འགོ་ཁྲིད་པས་ཀྲུང་གོ་དང་ཡོ་རོབ་གླིང་གི་འབྲེལ་བའི་ཐད་ནས་བསམ་འཆར་བརྗེ་རེས་ཟབ་མོ་བྱས་ནས། དུས་རིམ་རྗེས་མའི་ཀྲུང་གོ་དང་ཡོ་རོབ་གླིང་གི་འབྲེལ་བའི་འཆར་འགོད་ཁ་ཕྱོགས་ཀྱི་གཙོ་གནད་ཁྱབ་ཁོངས་གཏན་འཁེལ་བྱེད་ཆེད། འབྲེལ་གཏུག་མཐུན་སྦྱོར་མཉམ་ལས་ལ་ཤུགས་བསྣན་ནས། ཀྲུང་གོ་དང་ཡོ་རོབ་བར་གྱི་ཆབ་སྲིད་གྲོས་རིམ་གལ་ཆེན་རབ་དང་རིམ་པར་གྲུབ་འབྲས་ཐོབ་པར་འགན་ལེན་བྱེད་རྒྱུའི་ཐད་མོས་མཐུན་བྱུང་།  ཕན་ཚུན་བར་གྱི་ཡིད་ཆེས་ཇེ་ཟབ་ཏུ་གཏོང་བ་དང་གཉིས་ཕན་གཉིས་རྒྱལ་ཡོང་བར་བྱེད་པ། ཕྱོགས་མང་རིང་ལུགས་ལ་སྲུང་སྐྱོབ་བྱེད་རྒྱུ་བཅས་རྒྱུན་འཁྱོངས་བྱེད་རྒྱུ་ཡིན་པར་མ་ཟད། གོ་ལ་ཧྲིལ་པོའི་འགྲན་སློང་ལ་མཉམ་དུ་ཁ་གཏད་འཇལ་ནས། ཀྲུང་གོ་དང་ཡོ་རོབ་གླིང་གི་འབྲེལ་བ་སྔར་ལས་ལྷག་པའི་ཆུ་ཚད་དུ་འཕེལ་བར་སྐུལ་འདེད་གཏོང་རྒྱུ་ལས་གཞན། ཀྲུང་གོ་དང་ཡོ་རོབ་ཕྱོགས་གཉིས་ཀྱིས《ཀྲུང་གོ་དང་ཡོ་རོབ་ཀྱི་ས་ཁམས་མཚོན་རྟགས་ཀྱི་གྲོས་ཆོད》བཀོད་པ་ཁྱབ་བསྒྲགས་བྱས། ཀྲུང་གོ་དང་ཡོ་རོབ་ཀྱི་དངུལ་གཏོང་གྲོས་ཆོད་ཐད་གྲོས་མོལ་བྱེད་ཤུགས་སྔར་ལས་ཇེ་ཆེར་བཏང་ནས། ལོ་འདིའི་ནང་གྲོས་མོལ་གྱི་དམིགས་ཚད་མངོན་འགྱུར་ཡོང་བར་བྱེད་རྒྱུ་རེད། དེ་མིན་ད་དུང་ཀྲུང་གོ་དང་ཡོ་རོབ་ཀྱིས་ཁོར་ཡུག་དང་གནམ་གཤིས་ཐད་ནས་མཐོ་རིམ་འབྲེལ་འདྲིས་དང་གྲངས་འཛིན་ཁྱབ་ཁོངས་ཀྱི་མཐོ་རིམ་འབྲེལ་འདྲིས་བྱས་ཏེ། ཀྲུང་གོ་དང་ཡོ་རོབ་ཀྱི་ལྗང་མདོག་མཉམ་ལས་རོགས་རེས་འབྲེལ་བ་དང་གྲངས་འཛིན་མཉམ་ལས་ཀྱི་རོགས་རེས་འབྲེལ་བ་བསྐྲུན་རྒྱུ་གཏན་འབེབས་བྱས།

ཞི་ཅིན་ཕིང་གིས་བསྟན་དོན། མིག་སྔར་པྲོག་གསར་གློ་ཚད་ཀྱི་རིམས་ནད་འཛམ་གླིང་ཡོངས་སུ་ཁྱབ་ནས་ལོ་བརྒྱའི་ནང་བྱུང་མ་མྱོང་བའི་འགྱུར་ལྡོག་ཆེན་པོ་བྱུང་ཡོད། མིའི་རིགས་ཐུན་མོང་གི་འགྲན་སློང་མང་པོར་འཕྲད་པ་དང་ལམ་གྱི་བཞི་མདོ་ན་ལུས་ཡོད། ཀྲུང་གོ་དང་ཡོ་རོབ་གཉིས་ནི་འཛམ་གླིང་གི་སྟོབས་ཤུགས་ཆེན་པོ་གཉིས་དང་ཚོང་ར་ཆེན་པོ་གཉིས། དཔལ་ཡོན་ཆེན་པོ་གཉིས་བཅས་ཡིན་པའི་ངོས་ཐད་ནས། གནས་བབ་འདི་འདྲ་ལ་གདོང་ཅི་ཙམ་གཏོད་ཐུབ་པ་ཡིན་ན། ཕན་ཚུན་རྒྱབ་སྐྱོར་དང་མཐུན་སྒྲིལ་མཉམ་ལས་ཀྱི་ཁ་ཕྱོགས་ཆེན་པོ་དེ་ཙམ་གྱིས་དམ་པོར་འཛིན་དགོས། སྔར་ལས་ལྷག་པའི་སྒོ་ནས་བློ་བརྟན་འགྱུར་མེད་ངང་ཀྲུང་གོ་དང་ཡོ་རོབ་ཀྱི་ཁྱབ་ཁོངས་སོ་སོའི་འཐབ་ཇུས་རོགས་རེས་འབྲེལ་བ་བདེ་བླག་དང་བརྟན་བརླིང་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་ནས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རིམས་ནད་ལ་འགོག་རྒོལ་དང་དཔལ་འབྱོར་སླར་གསོ། དྲང་བདེན་སྲུང་སྐྱོབ་བཅས་བྱེད་པར་དྲང་ཕྱོགས་ནུས་ཚད་སྔར་ལས་མང་པོ་སྣོན་དགོས་ཟེར།

ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཡོ་རོབ་གླིང་མནའ་འབྲེལ་གྱིས“རྒྱུན་འཁྱོངས་བཞི”མཐའ་འཁྱོལ་བར་བྱེད་དགོས་ཏེ། གཅིག་ནས་ཞི་བདེ་མཉམ་གནས་རྒྱུན་འཁྱོངས་བྱེད་དགོས། གཉིས་ནས་སྒོ་འབྱེད་མཉམ་ལས་རྒྱུན་འཁྱོངས་བྱེད་དགོས། གསུམ་ནས་ཕྱོགས་མང་རིང་ལུགས་རྒྱུན་འཁྱོངས་བྱེད་དགོས། བཞི་ནས་འབྲེལ་འདྲིས་དང་གྲོས་མོལ་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་དགོས་ཟེར། 

ལིའུ་ཧི་དང་དབྱང་ཅེ་ཁྲི། ཧི་ལིས་ཧྥིན་སོགས་ཐེངས་འདིའི་མཇལ་འཕྲད་ལ་ཞུགས།

ལོ་ཙཱ་བ། བན་དེ་སྐྱབས།