ཝང་ཧུའུ་ཉིང་རིམས་ནད་འགོག་སྡོམ་ལས་དོན་གྱི་ཕུལ་བྱུང་ཏང་ཡོན་དང་ཕུལ་བྱུང་གཞི་རིམ་ལས་བྱེད་པའི་བཞུགས་མོལ་ཚོགས་འདུར་ཞུགས།
2020.09.15 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 10

རིམས་ནད་འགོག་སྡོམ་ལས་དོན་གྱི་ཕུལ་བྱུང་ཏང་ཡོན་དང་ཕུལ་བྱུང་གཞི་རིམ་ལས་བྱེད་པའི་བཞུགས་མོལ་ཚོགས་འདུ་ཚེས་བཅོ་ལྔ་ཉིན་པེ་ཅིང་དུ་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཝང་ཧུའུ་ཉིང་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་། ཁོང་གིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་པྲོག་གསར་གློ་ཚད་རིམས་ནད་འགོག་བཅོས་ཀྱི་གཟེངས་བསྟོད་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། རླབས་ཆེན་གྱི་རིམས་འགོག་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་དགོས། ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་བཅངས་ཏེ་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་གདོང་ལེན་དང་བྱས་རྗེས་གསར་པ་འཇོག་དགོས་ཟེར།

ཝང་ཧུའུ་ཉིང་གིས་བསྟན་དོན། རིམས་ནད་ལ་འགོག་རྒོལ་བྱེད་པའི་འཐབ་རྩོད་ཁྲོད། རྒྱ་ཆེའི་གཞི་རིམ་ཏང་རྩ་འཛུགས་དང་ཏང་ཡོན། ལས་བྱེད་པ་བཅས་ཀྱིས་མདུན་དུ་གདོང་མཆོང་དང་སྙིང་རུས་ཆེན་པོས་འབད་འཐབ་བྱས་ཏེ། རིམས་ནད་འགོག་སྡོམ་གྱི་འཐབ་ཕྱོགས་དང་པོར་ཏང་དར་ལྷབ་ལྷུབ་ཏུ་གཡོ་བར་བྱས་ཡོད། བསམ་བློ་དང་སྦྱོར་བ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཐོག་གཅིག་གྱུར་ཡོང་བར་བྱས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པར་སློབ་སྦྱོང་དང་། འགན་འཁྲི་འཁུར་ཕོད་པ་དང་བྱས་རྗེས་འཇོག་ཕོད་པ་བྱས་ནས། རྒྱུན་རྣམ་ཅན་གྱི་རིམས་ནད་འགོག་སྡོམ་དང“བརྟན་འཇགས་དྲུག”དང“འགན་ལེན་དྲུག”གི་ལས་དོན་ཁག་ཡག་པོ་སྒྲུབ་དགོས། མི་དམངས་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པ་དང་བྱ་བ་བཟང་པོ་སྒྲུབ་པ་དང་དཀའ་གནད་སེལ་དགོས། ཏང་གི་འགོ་ཁྲིད་དང་ཏང་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་པ་དང་། གཞི་རིམ་དམ་འཛིན་ཤུགས་ཆེན་བྱེད་པའི་ཁྲིད་ཕྱོགས་ཁ་གསལ་རྒྱུན་འཁྱོངས་བྱས་ཏེ། གཞི་རིམ་ཏང་རྩ་འཛུགས་ཀྱི་དམག་འཐབ་མཁར་རྫོང་གི་ནུས་པ་དང་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས་ཟེར།

ཁྲིན་ཞི་ཡིས་བཞུགས་མོལ་ཚོགས་འདུར་འགོ་འཛིན་བྱས་པ་དང་། སུན་ཁྲུན་ལན་དང་དབྱང་ཞའོ་ཏུའུ། ཧོང་ཁུན་མེན་བཅས་བཞུགས་མོལ་ཚོགས་འདུར་ཞུགས།

ལོ་ཙཱ་བ། བན་དེ་སྐྱབས།