ཝང་དབྱང་གིས་མཚོ་སྔོན་གྱི་བྱ་བར་རྟོག་ཞིབ་གནང་།
2020.09.15 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་ཉེ་ལམ་མཚོ་སྔོན་གྱི་བྱ་བར་རྟོག་ཞིབ་གནང་སྐབས་ནན་གྱིས་བསྟན་དོན། ཀྲུང་དབྱང་གི་བོད་ལྗོངས་བྱ་བའི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ་ནི་རང་རྒྱལ་གྱིས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པར་རྒྱལ་ཁ་ཕུ་ཐག་ཆོད་པ་པའི་དུས་རིམ་དང་། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ལམ་བུ་གསར་པ་འབྱེད་པའི་ལོ་རྒྱུས་ཀྱི་དུས་སྐབས་སུ་བསྡུས་པའི་ཚོགས་འདུ་གལ་ཆེན་ཞིག་ཡིན་པས། དེར་གལ་ཆེ་ལ་གཏིང་ཟབ་པའི་དོན་སྙིང་ཆེན་པོ་ལྡན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་དགོས། དུས་རབས་གསར་པའི་ཏང་གི་བོད་སྐྱོང་སྲིད་ཇུས་ཀྱི་ཕུན་སུམ་ཚོགས་པའི་ནང་དོན་ལ་གོ་བ་གཏིང་ཟབ་ལེན་པ་དང་། བོད་འབྲེལ་ལས་དོན་ལ་འཕྲད་པའི་གནས་བབ་གསར་པ་དང་ལས་འགན་གསར་པ་ཁོང་དུ་ཡང་དག་པར་ཆུད་པར་བྱེད་པ། དོན་དངོས་ནས་འགོ་བཙུགས་ཏེ་གསར་གཏོད་རང་བཞིན་གྱིས་ལས་དོན་སྤེལ་ཏེ། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ཁག་དོན་ཐོག་ཏུ་འཁྱོལ་རྒྱུར་འགན་ལེན་བྱེད་པ་དང་། བོད་ལྗོངས་དང་བོད་འབྲེལ་ཁུལ་དང་རྫོང་གི་ཡུན་སྐྱོང་བདེ་འགོད་ལ་སྐུལ་འདེད་གཏོང་དགོས་ཟེར།

ཚེས་བཅུ་བཞི་ཉིན་ནས་ཚེས་བཅོ་ལྔ་ཉིན་བར། ཝང་དབྱང་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་ཏུ་ཕེབས་ནས། ས་གནས་དེ་གའི་མི་རིགས་སློབ་འབྲིང་དང་ཡུལ་གཞན་དབུལ་སྐྱོར་གྱི་གནས་སྤར་ས། ཆོས་ལུགས་བྱེད་སྒོ་སྤེལ་ཡུལ། མགོ་ལོག་ཁུལ་རྒྱང་སྒྲོག་བརྙན་འཕྲིན་ཁང་སོགས་སུ་ཕེབས་ཏེ་གནས་ཚུལ་ལ་རྒྱུས་ལོན་བྱས་པར་མ་ཟད། བཞུགས་མོལ་ཚོགས་འདུར་འགོ་འཛིན་མཛད་དེ། མཚོ་སྔོན་ཞིང་ཆེན་ཏང་ཨུས་བོད་ལྗོངས་བྱ་བའི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་ལ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས་པའི་གནས་ཚུལ་གྱི་སྙན་ཞུར་གསན། ཝང་དབྱང་གིས་ཉེ་བའི་ལོ་འདི་དག་གི་རིང་ལ་མཚོ་སྔོན་གྱིས་བོད་འབྲེལ་ལས་དོན་ཐད་བླངས་པའི་གྲུབ་འབྲས་མངོན་གསལ་ལ་ཁས་ལེན་གང་ལེགས་གནང་ནས་ནན་གྱིས་བསྟན་དོན།“བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི”དགོངས་དོན་སློབ་སྦྱོང་དང་ལག་བསྟར་ཡག་པོ་བྱེད་རྒྱུ་ནི། མིག་སྔའི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཡིན་ལ། མ་འོངས་པའི་ལས་དོན་ལེགས་པར་སྒྲུབ་པའི་སྔོན་འགྲོའི་ཆ་རྐྱེན་ཡང་ཡིན། ཆེད་དུ་དུས་ཚོད་བཀོད་སྒྲིག་བྱས་ནས་སློབ་སྦྱོང་དང་ཞིབ་བསྡུར་གཏིང་ཟབ་བྱས་ཏེ། མ་ཡིག་སྦྱངས་བ་མཐར་ཕྱིན་བྱེད་དགོས་ལ་རྩ་བའི་རིགས་པ་རྟོགས་པར་བྱེད་དགོས། བདེན་ལུགས་ཤེས་དགོས་ཤིང་། དགོངས་དོན་གྱི་ངོ་བོ་དང་སྲོག་ཤིང་གི་དོན་གནད་ངོ་མ་ཤེས་ཐབས་བྱེད་དགོས། རྣམ་པ་སྣ་ཚོགས་དང་སྣ་མང་ཕུན་སུམ་ཚོགས་པའི་དྲིལ་བསྒྲགས་དང་སྒྲོག་འགྲེལ་བྱེད་ཐབས་སྤྱད་ནས། མང་ཚོགས་ཀྱིས་ཉན་འདོད་པ་དང་ཉན་ཤེས་པའི་སྐད་ཆ་དང་ལྟ་འདོད་ཅིང་ཉན་སྤྲོ་བའི་བྱེད་སྟངས་སྤྱད་དེ་གསལ་འགྲེལ་བྱས་ནས། གཞི་རིམ་ལས་བྱེད་པ་དང་མང་ཚོགས་ཀྱི་ཁྲོད་དུ་ཚོགས་འདུའི་དགོངས་དོན་མི་སེམས་ཀྱི་གཏིང་ཟབ་སར་ཟུག་པར་བྱེད་དགོས། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ལྟར་དོན་དངོས་དང་ཟུང་འབྲེལ་གྱིས་ཞན་ཆ་འཚོལ་ཞིབ་བྱེད་དགོས། ལས་ཀའི་ལས་འགན་ཞིབ་ཕྲ་བཟོ་བ་དང་ལས་ཀའི་རྩིས་ཁྲ་བཟོ་བ། དུས་བཀག་ལྟར་རྩིས་ཐོར་ཞིབ་བཤེར་བྱེད་དགོས། ཞིབ་ཕྲའི་ལས་དོན་གཟབ་ནན་དང་བརྟན་པོའི་ངང་སྤེལ་བའི་བྱེད་ཕྱོགས་མཐའ་འཁྱོངས་བྱེད་པ་དང་། སྲིད་ཇུས་ཀྱི་རྒྱུན་མཐུད་རང་བཞིན་དང་བརྟན་བརླིང་རང་བཞིན་རྒྱུན་འཁྱོངས་བྱེད་པ། ལེགས་སྒྲིག་བྱེད་དགོས་པའི་སྲིད་ཇུས་ལ་ཕྱོགས་མང་པོ་ནས་རིགས་པས་ཁུངས་སྐྱེལ་དང་གཏན་འཁེལ་བྱས་རྗེས་ལག་ལེན་དུ་བསྟར་དགོས་ཟེར།

ཝང་དབྱང་གིས་ནན་གྱིས་བསྟན་དོན། ཏང་ཀྲུང་དབྱང་གིས་བོད་ལྗོངས་དང་། བོད་འབྲེལ་གྱི་ཁུལ་དང་རྫོང་བཅས་ཡུན་སྐྱོང་བདེ་འགོད་ཡོང་བར་སྐུལ་འདེད་གཏོང་བར་དམིགས་ནས་ལས་འགན་གལ་ཆེན་རབ་དང་རིམ་པ་བཀོད་སྒྲིག་བྱས་ཡོད་པས། ལས་ཀ་འདི་དག་ལ་ཇུས་འགོད་རྩེ་གྲས་དང་གཞི་རིམ་འཚོལ་ཞིབ་ཟུང་འབྲེལ་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་དགོས། རྒྱུན་མི་ཆད་པར་ཤུགས་སྣོན་པ་དང་སྙིང་རུས་རྒྱུན་འཁྱོངས་བྱེད་པར་ངེས་པར་དུ་ཉིན་ལྟར་བྱས་རྗེས་འཇོག་དགོས་ལ། དེ་ལྟར་བྱས་ན་གཞི་ནས་ལེགས་འགྲུབ་འབྱུང་ཐུབ། བོད་འབྲེལ་ལས་དོན་ཁྲོད་ཀྱི་མི་རིགས་ཆོས་ལུགས་ལས་དོན་གྱི་འཐབ་ཇུས་རང་བཞིན་དང་ཁྱོན་ཡོངས་རང་བཞིན་གྱི་གནས་བབ་མངོན་གསལ་དོད་པོ་ཡོང་བར་བྱེད་དགོས། ཡུན་རིང་གི་ཐབས་ཇུས་མང་ཙམ་འདོན་པ་དང་རྩ་བ་བརྟན་ཚུགས་ཀྱི་བྱེད་ཐབས་མང་ཙམ་སྤྱོད་པ། ཡུན་སྐྱོང་བདེ་འགོད་དང་འབྲེལ་བ་ཡོད་པའི་འགལ་བ་གཏིང་ཟབ་ཅན་དང་གནད་དོན་མང་ཙམ་ཐག་གཅོད་བྱས་ནས། ཀྲུང་ཧྭ་མི་རིགས་གཞི་གཅིག་ཅན་གྱི་འདུ་ཤེས་བརྟན་པོ་འཛུགས་པ་དང་། བོད་བརྒྱུད་ནང་བསྟན་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་རྒྱུར་ཁྲིད་སྟོན་བྱེད་པའི་ཐད་བྱས་རྗེས་ངོ་མ་འཇོག་པ་དང་ཕན་འབྲས་དངོས་ལེན་དགོས། ཉམས་མྱོང་སྔར་ལས་མང་བོ་འཚོལ་ཞིབ་དང་གསོག་འཇོག་བྱེད་དགོས། སྤྱོད་གོ་ཆོད་པའི་སྤྱི་ཚོགས་བཅོས་སྐྱོང་བྱེད་ཐབས་ཕྱོགས་བསྡོམས་ནན་ཏན་བྱས་ཏེ། ས་གནས་རང་གི་དོན་དངོས་དང་འཚམ་པའི་དེང་རབས་ཅན་གྱི་བཅོས་སྐྱོང་མ་ལག་ཆ་ཚང་ཞིག་ཆགས་པར་བྱས་ནས། འཆམ་མཐུན་བརྟན་འཇགས་ཀྱི་སྤྱི་ཚོགས་རྣམ་པར་སྲུང་སྐྱོབ་ཡག་པོ་བྱེད་དགོས། སྐྱེ་ཁམས་སྲུང་སྐྱོང་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་བྱས་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་དུ་བསྐྱོད་དགོས། སྐྱེ་ཁམས་སྤུས་ཚད་ལ་འགན་ལེན་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་ནས། ཞིང་ལས་སྒྲིག་བཀོད་དང་རོང་ཁུལ་དཔལ་འབྱོར། ཡུལ་སྐོར་ཐོན་ལས་བཅས་བརྟན་པོའི་ངང་འཕེལ་རྒྱས་སུ་གཏོང་དགོས། དབུལ་ཐར་གྲུབ་འབྲས་སྔར་ལས་སྲ་བརྟན་དུ་བཏང་ནས་མང་ཚོགས་སྔར་ལས་མང་པོ་རིམ་བཞིན་ཕྱུག་འགྱུར་གྱི་ལམ་དུ་བསྐྱོད་ཐུབ་པར་བྱེད་དགོས་ཟེར།

མཚོ་སྔོན་དུ་རྟོག་ཞིབ་བྱེད་པའི་སྐབས་སུ། ཝང་དབྱང་མགོ་ལོག་ཁུལ་སྲིད་གྲོས་ལས་ཁུངས་སུ་ཕེབས་ཏེ། སྲིད་གྲོས་དང་འཐབ་ཕྱོགས་གཅིག་གྱུར། ཆོས་ལུགས་ལས་དོན་བཅས་ཀྱི་ལས་བྱེད་པ་དང་ལས་བཟོ་བར་འཚམས་འདྲི་གནང་ནས། ཀྲུང་དབྱང་གི་བོད་ལྗོངས་བྱ་བའི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་དོན་ཐོག་ཏུ་འཁྱོལ་རྒྱུར་སྐུལ་འདེད་གཏོང་ཆེད་བློ་གྲོས་དང་སྟོབས་ཤུགས་འབུལ་དགོས་པའི་བླང་བྱ་བཏོན།

ལོ་ཙཱ་བ། བན་དེ་སྐྱབས།