མཚོ་སྔོན་ཞིང་ཆེན་གྱིས“མཚོ་སྔོན་གསར་པའི་འཆད་ཁྲིད་གླིང”གི་རྒྱལ་སྲུང་སློབ་གསོའི་ཆེད་དོན་སྙན་ཞུའི་ཚོགས་འདུ་བསྡུས།
2020.09.16 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 35

ཟླ་དགུ་བའི་ཚེས་བཅོ་ལྔ་ཉིན། “མཚོ་སྔོན་གསར་པའི་འཆད་ཁྲིད་གླིང”གི་རྒྱལ་སྲུང་སློབ་གསོའི་ཆེད་དོན་སྙན་ཞུའི་ཚོགས་འདུ་ཟི་ལིང་དུ་བསྡུས། ཞིང་ཆེན་དམག་ཁུལ་གྱི་དམག་སྤྱི་ཆེན་མོ་ལིའུ་ཀེ་ཕིང་གིས་ཆེད་དོན་སྙན་ཞུ་ཕུལ། སྙན་ཞུའི་ཚོགས་འདུ་དེ་ཞིང་ཆེན་ཏང་ཨུའི་དྲིལ་བསྒྲགས་པུའུ་དང་ཞིང་ཆེན་ཐད་གཏོགས་ལས་ཁུངས་བྱ་བའི་ཨུ་ཡོན་ལྷན་ཁང་གིས་གཙོ་སྒྲུབ་བྱས་པ་དང་། ཞིང་ཆེན་དམག་ཁུལ་གྱི་ཆབ་སྲིད་ལས་དོན་ཅུའུ་དང་ཞིང་ཆེན་རྒྱལ་སྲུང་སློབ་གསོའི་གཞུང་ལས་ཁང་གིས་འགན་སྒྲུབ་བྱས། ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་ལས་བྱེད་པ་ལྔ་བརྒྱ་ལྷག་གིས་ཐེངས་འདིའི་སྙན་ཞུར་ཉན།

ཞིང་ཆེན་ཏང་ཨུའི་དྲིལ་བསྒྲགས་པུའུ་ཡིས་ཐེངས་འདིའི་ཆེད་དོན་སྙན་ཞུའི་ཚོགས་འདུ་གོ་སྐབས་སུ་བརྩིས་ཏེ། རྒྱལ་སྲུང་སློབ་གསོ་དེ“བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི”བྱེད་སྒོའི་ནང་བཅུག་ནས། རྩ་འཛུགས་པུའུ་ལས་ཁུངས་ཀྱི་ལས་བྱེད་པ་ཡོངས་དང་ཁོངས་གཏོགས་ཁེ་ལས་ལས་ཁུངས་ཀྱི་འགོ་ཁྲིད་ཚན་ཁག་གི་ཁོངས་མི་ཞུགས་ཡོད། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་ཁྲེན་རུའེ་ཧྥིན་སྙན་ཞུའི་ཚོགས་འདུར་ཞུགས།

ཚོགས་འདུ་གྲོལ་རྗེས་ཚང་མས་མགྲིན་གཅིག་དབྱངས་གཅིག་གིས་བསྟན་དོན། རང་འཁྲིའི་ལས་དོན་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ། ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ལྡན་བསྐྲུན་པའི་དགོངས་པར་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱེད་རྒྱུ་དང་། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུའི་ལས་ཀའི་བླང་བྱ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ། “ཁྱོན་ཡོངས་གཉིས”ཀྱི་མཐོ་ཚད་ནས་བསྡད་དེ། རྒྱལ་སྲུང་སློབ་གསོ་སྤེལ་བའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱས་ནས། རྒྱལ་སྲུང་སྐོར་གྱི་རིགས་པའི་གཞུང་ལུགས་དང་རྒྱལ་སྲུང་ཤེས་བྱ། རྒྱལ་སྲུང་ཁྲིམས་སྲོལ་བཅས་ལ་སློབ་སྦྱོང་དང་སློབ་གསོ་གཏོང་བར་ཤུགས་སྣོན་རྒྱག་དགོས། “འདུ་ཤེས་བཞི”སྔར་ལས་ཇེ་བརྟན་དུ་གཏོང་བ་དང་“ཡིད་རྟོན་བཞི”ཇེ་དྲག་ཏུ་གཏོང་བ། “སྲུང་སྐྱོབ་བྱེད་དགོས་པ་གཉིས”བཟང་བོར་སྒྲུབ་ཐུབ་པ་བཅས་བྱས་ཏེ། རྒྱལ་སྲུང་གི་འོས་འགན་སྒྲུབ་པའི་རུ་འདྲེན་ལྟ་བུའི་དམག་མི་ཞིག་བྱེད་དགོས། རྒྱལ་གཅེས་ཀྱི་ཕུགས་འདུན་དེ་རྒྱལ་ཁབ་ལ་དྲིན་ལན་འཇལ་བའི་དོན་དངོས་སུ་བསྒྱུར་ནས། རྒྱལ་སྲུང་འཛུགས་སྐྲུན་ལ་བྱས་རྗེས་གསར་པ་འཇོག་དགོས་ཟེར།

ལོ་ཙཱ་བ། བན་དེ་སྐྱབས།