ཞི་ཅིན་ཕིང་གིས་དུས་རབས་གསར་བའི་དམངས་གཉེར་དཔལ་འབྱོར་གྱི་འཐབ་ཕྱོགས་གཅིག་གྱུར་བྱ་བར་མཛུབ་སྟོན་གལ་ཆེན་གནང་། 
2020.09.17 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 48

ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཉེ་སྔོན་དུས་རབས་གསར་བའི་དམངས་གཉེར་དཔལ་འབྱོར་གྱི་འཐབ་ཕྱོགས་གཅིག་གྱུར་བྱ་བར་མཛུབ་སྟོན་གལ་ཆེན་གནང་སྟེ། བཅོས་སྒྱུར་སྒོ་འབྱེད་དང་ཁྱད་པར་དུ་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། དམངས་གཉེར་དཔལ་འབྱོར་གྱི་འཐབ་ཕྱོགས་གཅིག་གྱུར་བྱ་བར་རྒྱུན་ཆད་མེད་པར་ཤུགས་སྣོན་དང་འཐུས་ཚང་དུ་བཏང་སྟེ། ཏང་དང་རྒྱལ་ཁབ་ལ་ཞབས་འདེགས་ཞུ་བའི་བྱ་བ་གཙོ་བོའི་ཁྲོད་ནུས་པ་གལ་ཆེན་འདོན་སྤེལ་བྱས། སྤྱི་ལ་དབང་བ་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་ནི་སྤྱི་ཚོགས་རིང་ལུགས་ཚོང་རའི་དཔལ་འབྱོར་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་དང་། སྤྱི་ལ་དབང་བའི་ལམ་ལུགས་ཀྱི་དཔལ་འབྱོར་བདེ་ཐང་ངང་འཕེལ་རྒྱས་སུ་འགྲོ་བ་དང་སྤྱི་ལ་དབང་བ་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་མི་སྣ་བདེ་བླག་ངང་འཚར་ལོངས་འབྱུང་བར་སྐུལ་འདེད་གཏོང་བའི་ཐད་དོན་སྙིང་གལ་ཆེན་ལྡན་ཞེས་གསུངས། 

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། གཡོ་འགུལ་གཏན་ནས་མེད་པ་གཉིས་རྒྱུན་འཁྱོངས་བྱས་ཏེ་དམངས་གཉེར་དཔལ་འབྱོར་མི་སྣར་མཐུན་སྒྲིལ་དང་སྣེ་ཁྲིད་གང་ལེགས་བྱེད་པའི་ལས་འགན་གལ་ཆེན་ཞིག་ཏུ་བྱེད་དགོས། རིམ་པ་སོ་སོའི་ཏང་ཨུ་ཡིས་དམངས་གཉེར་དཔལ་འབྱོར་གྱི་འཐབ་ཕྱོགས་གཅིག་གྱུར་བྱ་བའི་མགོ་ཁྲིད་ལ་ཤུགས་སྣོན་བྱེད་པ་དང་། ཕྱོགས་ཡོངས་ནས་ཏང་གི་བྱེད་ཕྱོགས་སྲིད་ཇུས་ལག་བསྟར་བྱས་ཏེ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་སྣ་ཚོགས་དངོས་འབེབ་བྱེད་པར་དམ་འཛིན་བྱེད་དགོས། རིམ་པ་སོ་སོའི་འཐབ་ཕྱོགས་གཅིག་གྱུར་བྱ་བའི་མགོ་ཁྲིད་ཚན་ཆུང་དང་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡིས་སྣེ་ཁྲིད་མཐུན་སྦྱོར་ནུས་པ་འདོན་སྤེལ་བྱེད་པ་དང་། བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཚོགས་ཁག་རྩ་འཛུགས་ནུས་པ་འདོན་སྤེལ་བྱེད་པ། དམངས་གཉེར་དཔལ་འབྱོར་མི་སྣ་དག་ཏང་གི་ཉེ་འཁོར་དུ་མཐུན་སྒྲིལ་བྱེད་པ། སྔར་ལས་ལྷག་པའི་སྒོ་ནས་དམངས་གཉེར་དཔལ་འབྱོར་བདེ་ཐང་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བཏང་སྟེ། ཧུར་ཐག་སྒོས་དུས་རབས་གསར་བར་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བྱ་གཞག་རྒྱུན་འཁྱོངས་དང་འཕེལ་རྒྱས་སུ་གཏོང་བ་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་དགོས་ཞེས་བསྟན། 

རྒྱལ་ཡོངས་ཀྱི་དམངས་གཉེར་དཔལ་འབྱོར་གྱི་འཐབ་ཕྱོགས་གཅིག་གྱུར་བྱ་བའི་གྲོས་ཚོགས་ཚེས་བཅུ་དྲུག་ཉིན་པེ་ཅིང་ནས་བསྡུས། གྲོས་ཚོགས་ནས་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་བརྒྱུད་སྒྲོག་བྱས། 

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཝང་དབྱང་གྲོས་ཚོགས་ལ་ཞུགས་ཏེ་གསུང་བཤད་གནངས། ཁོང་གིས་ནན་གྱིས་བསྟན་དོན། ནན་ཏན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་གོ་བ་ཟབ་མོ་བླངས་ཏེ། ཆབ་སྲིད་ཀྱི་མཐོ་ཚད་ནས་དུས་རབས་གསར་བའི་དམངས་གཉེར་དཔལ་འབྱོར་གྱི་འཐབ་ཕྱོགས་གཅིག་གྱུར་བྱ་བའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་ཟབ་མོ་ཐོབ་པར་བྱེད་པ་དང་། ཡིད་ཆེས་དང་མཐུན་སྒྲིལ། ཞབས་ཞུ། སྣེ་ཁྲིད། སློབ་གསོ་བཅས་ཀྱི་བྱེད་ཕྱོགས་རྒྱུན་འཁྱོངས་བྱས་ནས་དམངས་གཉེར་དཔལ་འབྱོར་མི་སྣ་དག་གིས་གཡོ་འགུལ་མེད་པ་གཉིས་ལ་རྒྱུས་ལོན་ཡང་དག་བྱེད་པར་ཁྲིད་སྟོན་བྱས་ཤིང་། ལམ་ལུགས་ཡིད་ཆེས་བརྟན་པོས་ཏང་གི་ཉེ་འཁོར་དུ་མཐུན་སྒྲིལ་དམ་པོ་ཡོང་བར་བྱས་ནས། མི་རིགས་བསྐྱར་དར་མངོན་འགྱུར་བྱེད་པར་སྟོབས་ཤུགས་གཅིག་ཏུ་འདྲིལ་དགོས་པར་བསྟན། 

ཀྲུང་གུང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་ཡུག་ཆོན་གྱིས་གྲོས་ཚོགས་ལ་མགོ་འཛིན་བྱས་ཏེ་གཏམ་བཤད། ཁོས་བསྟན་དོན། རིམ་པ་སོ་སོའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་ལེན་ཟབ་མོ་བྱེད་པ་དང་། ཚད་མཐོ་བའི་འགན་འཁྲིའི་འདུ་ཤེས་དང་ལས་འགན་འདུ་ཤེས་ཀྱིས་དངོས་འབེབ་གང་ལེགས་བྱེད་པ་དང་། ཆབ་སྲིད་ཀྱི་གོ་རྟོགས་ཇེ་མཐོར་གཏོང་བ། ལས་འགན་གཙོ་བོར་དམིགས་ནས་གཅིག་གྱུར་བཀོད་འདོམ་དང་མཐུན་སྦྱོར་ལ་ཤུགས་སྣོན་བྱས་ཏེ། དུས་རབས་གསར་བའི་དམངས་གཉེར་དཔལ་འབྱོར་བྱ་བའི་རྣམ་པ་གསར་བ་གསར་བསྐྲུན་བྱེད་དགོས་ཟེར། 

ཀྲུང་དབྱང་དྲ་རྒྱའི་ཡིད་རྟོན་གཞུང་སྒྲུབ་ཁང་དང་། རྒྱལ་ཁབ་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་། ཀྲེ་ཅང་ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ། ཀོང་ཏུང་ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་བཅས་ཀྱི་འགན་ཁུར་བློ་མཐུན་དང་། འབྲེལ་ཡོད་དམངས་གཉེར་ཁེ་ལས་ཀྱི་འཐུས་མིས་བརྗེ་རེས་གཏམ་བཤད་སྤེལ། 

རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཀའོ་ཡུང་ལུང་གྲོས་ཚོགས་ལ་ཞུགས། 

གྲོས་ཚོགས་དེ་བརྙན་འཕྲིན་ཁ་པར་གྲོས་ཚོགས་ཀྱི་རྣམ་པར་སྤེལ། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་དང་། འབྲེལ་ཡོད་མི་དམངས་ཚོགས་ཁག་གི་འགན་ཁུར་བློ་མཐུན་བཅས་ཚོགས་ར་གཙོ་བོའི་གྲོས་ཚོགས་ལ་ཞུགས། ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་སོ་སོ་དང་། ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་ཚོགས་ཀྱི་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་དང་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་ཁུར་བློ་མཐུན་སོགས་ཡན་ལག་ཚོགས་རའི་གྲོས་ཚོགས་ལ་ཞུགས་ཡོད། 


ལོ་ཙཱ་བ། བསོད་ནམས་ཚེ་རིང་།