ལིས་ཁི་ཆང་འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི་འཛམ་གླིང་ཁེ་ལས་པའི་བརྙན་རིས་དམིགས་བསལ་གྲོས་མོལ་ཚོགས་འདུར་ཞུགས། 
2020.09.17 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 12

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་ཚེས་བཅོ་ལྔ་ཉིན་གྱི་དགོང་མོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི་འཛམ་གླིང་ཁེ་ལས་པའི་བརྙན་རིས་དམིགས་བསལ་གྲོས་མོལ་ཚོགས་འདུར་ཞུགས། འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི་ཀྲུའུ་ཞི་ཧྲི་ཝ་པུའུ་ཡིས་འགོ་འཛིན་བྱས་པ་དང་། འཛམ་གླིང་ཡོངས་ཀྱི་ཁེ་ལས་པ་དྲུག་བརྒྱ་ཙམ་གྲོས་ཚོགས་ལ་ཞུགས། 

ལིས་ཁི་ཆང་གིས་ཞུ་ཚིག་ཕུལ་ཏེ་བསྟན་དོན། མིག་སྔར་འཛམ་གླིང་ཡོངས་ཀྱི་པྲོག་གསར་གློ་ཚད་རིམས་ནད་ལ་སྔར་བཞིན་ཕྱོགས་ཡོངས་ནས་ཚོད་འཛིན་ཐོབ་མེད་པ་དང་། མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་འཛམ་གླིང་གི་དཔལ་འབྱོར་ཐད་འཇིགས་ཉེན་ཚབས་ཆེན་བཟོས་ཡོད། ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མིའི་རིགས་ཀྱི་ལས་སྐལ་ཐུན་མོང་ཚོགས་པ་ནན་བཤད་བྱས་པ་དང་། རིམས་ནད་འགོག་བཅོས་དང་དཔལ་འབྱོར་སླར་གསོ་གང་ཡིན་ཡང་མཐུན་སྒྲིལ་མཉམ་ལས་ཀྱི་ལམ་དུ་བགྲོད་དགོས་པར་བསྟན་ཡོད། 

ལིས་ཁི་ཆང་གིས་བསྟན་དོན། ཀྲུང་གོའི་རིམས་ནད་འགོག་བཅོས་དང་དཔལ་འབྱོར་སྤྱི་ཚོགས་ཀྱི་འཕེལ་རྒྱས་ལ་གཅིག་གྱུར་བཀོད་འདོམ་དང་སྐུལ་འདེད་བཏང་ནས། དཔལ་འབྱོར་གཏན་འཇགས་ངང་འཕར་སྣོན་འབྱུང་བ་མངོན་འགྱུར་བྱས་ཤིང་། ཉེ་བའི་ཟླ་ངོ་འགའི་ནང་དམིགས་ཚད་གཙོ་བོ་དེ་གཏན་འཇགས་ངང་སླར་གསོ་བྱེད་པའི་རྣམ་པ་སྲུང་འཛིན་བྱས་ཡོད་ལ། དེ་ལས་ཀྲུང་གོའི་དཔལ་འབྱོར་ལ་བབ་བསྟུན་གྱི་ནུས་པ་ཆེན་པོ་ལྡན་པ་མཚོན་ཡོད། ཚོང་ར་གཙོ་བོ་དུང་ཕྱུར་གཅིག་དང་བྱེ་བ་གཉིས་དང་ཁྱད་པར་དུ་ཁེ་ལས་ཆུང་འབྲིང་དང་སྒེར་གྱི་ཚོང་གཉེར་བ་སྲུང་འཛིན་བྱེད་ཐུབ་པ་བྱུང་ན། ད་ལོའི་མཁར་གྲོང་དག་ཏུ་གསར་དུ་འཕར་བའི་མི་ས་ཡ་དགུའི་ལས་ཞུགས་དམིགས་འབེན་མངོན་འགྱུར་བྱས་ཏེ། མ་འོངས་པའི་འཕེལ་རྒྱས་ཐད་རྨང་གཞི་འདིང་ཐུབ་ཟེར། 

ལིས་ཁི་ཆང་གིས་ནན་གྱིས་བསྟན་དོན། ཀྲུང་གོས་བློ་བརྟན་འགྱུར་མེད་ཀྱིས་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་ནས་སྒོ་འབྱེད་རྒྱ་བསྐྱེད་པ་དང་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་འཛུགས་སྐྲུན་བྱེད་དགོས། ཀྲུང་གོས་མུ་མཐུད་དུ་ཚོང་རའི་ཟབ་ཞུགས་ཚད་གཞི་ཇེ་ལྷོད་དུ་གཏོང་བ་དང་། ཕྱི་དངུལ་གྱི་ཁྲིམས་མཐུན་ཁེ་དབང་ལ་འགན་སྲུང་བྱས་ཏེ། རྒྱལ་ཁོངས་བརྒལ་བའི་ཚོང་གཉེར་ལ་སྟབས་བདེ་བཟོ་རྒྱུ་ཡིན་ཟེར། 

ཞུ་ཚིག་ཕུལ་རྗེས་ལིས་ཁི་ཆང་གིས་རྒྱལ་ཁབ་སོ་སོའི་ཁེ་ལས་པའི་འཐུས་མིས་བཏོན་པའི་དྲི་བར་ལན་བཏབ། 

ཧི་ལིས་ཧྥུན་སོགས་གྲོས་ཚོགས་ལ་ཞུགས། 


ལོ་ཙཱ་བ། བསོད་ནམས་ཚེ་རིང་།