ཧན་ཀྲིན་གྱིས་ཨོ་མིན་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྒྲིག་ཁྲིམས་དམག་དཔུང་གི་མཐོ་རིམ་འཐུས་ཚབ་ཚོགས་པར་ཐུག་འཕྲད་གནང་། 
2020.09.17 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 24

ཚེས་བཅུ་དྲུག་ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། ཀྲུང་དབྱང་ཞང་ཀང་དང་ཨོ་མིན་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཧན་ཀྲིན་གྱིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཨོ་མིན་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་བདེ་སྲུང་ཟི་ཡི་ཟི་ཀྲང་ཧོང་ཧྲའོ་ཡེ་ཡིས་ཁྲིད་པའི་ཨོ་མིན་སྒྲིག་ཁྲིམས་དམག་དཔུང་གི་མཐོ་རིམ་འཐུས་ཚབ་ཚོགས་པར་ཐུག་འཕྲད་བྱས་པ་དང་། ཁོ་ཚོ་དང་མཉམ་དུ་བརྗེ་རེས་མཛད་དེ་དྲན་རྟེན་གྱི་འདྲ་པར་བླངས། 

ཧན་ཀྲིན་གྱིས་བསྟན་དོན། ཀྲུང་དབྱང་གི་མཛུབ་སྟོན་དང་རྒྱབ་སྐྱོར་འོག སྲིད་འཛིན་དཔོན་པོ་ཧི་དབྱེ་ཁྲིན་གྱིས་སྐབས་གསར་བའི་ཨོ་མིན་དམིགས་བསལ་སྲིད་འཛིན་ས་ཁུལ་སྲིད་གཞུང་གི་སྣེ་ཁྲིད་དེ་ཕན་ནུས་ལྡན་པའི་སྒོ་ནས་པྲོག་གསར་གློ་ཚད་རིམས་ནད་འགོག་བཅོས་བྱས་པ་དང་། གཏན་འཇགས་ངང་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་རྒྱུན་ལྡན་རྣམ་པ་སླར་གསོ་བྱེད་པར་སྐུལ་འདེད་བཏང་སྟེ། རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་གསོན་ཤུགས་ཆེན་མོ་དང་ཁྱད་འཕགས་རང་བཞིན་མངོན་པར་མཚོན་ཡོད། ཨོ་མིན་སྒྲིག་ཁྲིམས་དམག་དཔུང་གི་ཁུར་དུ་ལེན་སྤོབས་པ་དང་བྱ་བ་ཧུར་ཐག་གིས་བསྒྲུབས་ནས། ཨོ་མིན་གྱི་སྤྱི་ཚོགས་གཏན་འཇགས་དང་སྒྲིག་ལམ་ལ་སྲུང་སྐྱོབ་བྱེད་པའི་ཐད་ནུས་པ་གལ་ཆེན་བཏོན་ཡོད། ཁོང་གིས་ཨོ་མིན་སྒྲིག་ཁྲིམས་དམག་དཔུང་གིས་བློ་བརྟན་འགྱུར་མེད་ཀྱིས་རྒྱལ་ཁབ་གཅིག་དང་ལམ་ལུགས་གཉིས་ཀྱི་བྱེད་ཕྱོགས་ལག་ལེན་མཐར་ཕྱིན་བྱེད་པ་དང་། རྒྱུན་ཆད་མེད་པར་ཨོ་མིན་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་རྒྱལ་ཁབ་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པའི་བཅའ་ཁྲིམས་ལམ་ལུགས་དང་ལག་བསྟར་རྐྱེན་སྲོལ་ཆ་ཚང་ཡོད་པ་འཐུས་ཚང་དུ་བཏང་སྟེ། ཤུགས་ཆེན་པོས་སྲིད་འཛིན་དཔོན་པོས་ཁྲིམས་ལྟར་སྲིད་སྐྱོང་བར་རྒྱབ་སྐྱོར་བྱས་ནས། རྒྱལ་ཁབ་གཅིག་དང་ལམ་ལུགས་གཉིས་ཀྱི་སྲོལ་བཟང་རྒྱུན་འཁྱོངས་བྱེད་པར་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས་པའི་རེ་བ་བཏོན། 

ཧོང་ཧྲའོ་ཡེ་སོགས་ཀྱིས་ཨོ་མིན་སྒྲིག་ཁྲིམས་དམག་དཔུང་གི་བྱ་བའི་གནས་ཚུལ་མཚམས་སྦྱོར་བྱས་པ་དང་། ཀྲུང་དབྱང་གི་རེ་བ་གཞིར་བཟུང་ཞིང་བློ་དཀར་གཞུང་དྲང་གིས་ལས་འགན་ལག་བསྟར་ནན་མོ་བྱས་ཏེ། རྒྱལ་ཁབ་གཅིག་དང་ལམ་ལུགས་གཉིས་དང་ཨོ་མིན་གྱི་དར་རྒྱས་དང་གཏན་འཇགས་ལ་སྲུང་སྐྱོབ་བྱེད་རྒྱུའི་ཚུལ་བསྟན། 

ཞཱ་པའོ་ལུང་གོང་གི་བྱ་འགུལ་ནང་ཞུགས། 


ལོ་ཙཱ་བ། བསོད་ནམས་ཚེ་རིང་།