ཀྲའོ་ལི་ཅི་ཡིས་ཀོས་ཀྲིག་ཞིང་ཆེན་དུ་རྟོག་ཞིབ་མཛད། 
2020.09.17 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 27

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཀྲའོ་ལི་ཅི་ཡིས་ཚེས་བཅུ་གསུམ་ཉིན་ནས་ཚེས་བཅུ་དྲུག་ཉིན་བར་ཀོས་ཀྲིག་ཞིང་ཆེན་དུ་རྟོག་ཞིབ་མཛད། ཁོང་གིས་ནན་གྱིས་བསྟན་དོན། སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་གལ་ཆེན་མཐའ་གཅིག་ཏུ་ལག་ལེན་དངོས་འབེབ་བྱས་ཤིང་། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་། ཡིད་ཆེས་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོབ་གཉིས་བཟང་བོར་བསྒྲུབས་ཏེ། བློ་བརྟན་འགྱུར་མེད་ཀྱིས་སྲོལ་ངན་བཞི་ཡོ་བསྲང་ལེགས་བཅོས་བྱས་ནས། རུལ་སུངས་བྱེད་མི་ཕོད་པ་དང་རུལ་སུངས་བྱེད་མི་རུང་བ། རུལ་སུངས་བྱེད་མི་འདོད་པ་བཅས་ལ་མཉམ་དུ་སྐུལ་འདེད་བཏང་ནས་ཏང་ཡོན་ལས་བྱེད་པས་རང་འགུལ་གྱིས་གཟབ་ནན་གསུམ་དང་དོན་དངོས་གསུམ་ལག་བསྟར་བྱེད་པ་དང་། རླབས་ཆེ་བའི་རིམས་འགོག་སྙིང་སྟོབས་དར་སྤེལ་བྱེད་པར་སྐུལ་འདེད་བཏང་སྟེ། རྣམ་པ་དང་བྱ་སྤྱོད་བཟང་བོས་ཕྱོགས་ཡོངས་ནས་འབྱོང་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པ་དང་དབུལ་ཐར་མཁྲེགས་གཏོར་གྱི་རྒྱལ་ཁ་ལེན་དགོས་ཞེས་གསུངས། 

ཀྲའོ་ལི་ཅི་ཐོག་མར་པུས་ཅེ་གྲོང་ཁྱེར་ཝེ་ཉིང་རྫོང་གི་ཀི་ཧྲུའུ་སྡེ་བའི་དབུལ་ཕོངས་ཁྱིམ་ཚང་དུ་ཕེབས་ཏེ། མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བ་དང་དབུལ་ཐར་ཕྱུག་འགྱུར། ལས་བྱེད་པའི་བྱ་སྤྱོད་སོགས་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་མཛད། ཁོང་གིས་ནན་གྱིས་བསྟན་དོན། ཀུ་ཡངས་ཅུང་ཙམ་ཡང་མེད་པའི་སྒོ་ནས་དབུལ་སྐྱོར་ཁྱབ་ཁོངས་ཀྱི་རུལ་སུངས་དང་སྤྱོད་ཚུལ་གནད་དོན་གྱི་ཆེད་དོན་བཅོས་སྐྱོང་དམ་འཛིན་བྱས་ཏེ། མཐའ་གཅིག་ཏུ་ཡོ་བསྲང་ལེགས་བཅོས་བྱེད་པའི་རྫུན་བཟོ་ལྷོད་ཡངས་ཀྱི་གནད་དོན་སྔོན་འགོག་བྱས་ནས། དབུལ་ཐར་མཁྲེགས་གཏོར་དངོས་སུ་བློ་གཏོད་རུང་བ་དང་ཚད་གཞིར་བསླེབ་པར་འགན་སྲུང་བྱེད་དགོས། དུས་ཡུན་རིང་བོར་དབུལ་ཐར་མཁྲེགས་གཏོར་རྒྱུན་འཁྱོངས་བྱེད་སྐབས་ཆགས་པའི་དཔེ་བཟང་སྤྱོད་བཟང་དག་སྤྱི་བསྡོམས་བྱེད་པ་དང་། བསྟུད་མར་དབུལ་ཐར་གྲུབ་འབྲས་སྲ་བརྟན་དུ་བཏང་སྟེ། ཏང་གི་དམངས་ཕན་དམངས་ཕྱུག་སྲིད་ཇུས་དངོས་འབེབ་གང་ལེགས་བྱེད་པར་སྐུལ་འདེད་གཏོང་དགོས་པར་བསྟན། 

ལིའུ་ཕན་ཧྲོས་གྲོང་ཁྱེར་ཏང་ཨུའི་སྐོར་ཞིབ་གཞུང་སྒྲུབ་ཁང་དང་ཝེ་ཉིང་རྫོང་ཨར་ཐང་གྲོང་རྡལ་ལས་ཁུངས་ནས། ཀྲའོ་ལི་ཅི་ཡིས་སྐོར་ཞིབ་བྱ་བའི་གནས་ཚུལ་ལ་རྒྱུས་ལོན་ཞིབ་ཏུ་མཛད་པར་མ་ཟད་ཚང་མ་དང་མཉམ་དུ་བཞུགས་མོལ་བརྗེ་རེས་མཛད། ཁོང་གིས་བསྟན་དོན། ཏང་གི་མང་ཚོགས་ལམ་ཕྱོགས་རྒྱུན་འཁྱོངས་བྱས་ཤིང་། ཐོག་མའི་སེམས་འདུན་མི་བརྗེད་པ་དང་འགན་འཁྲི་ཡིད་ལ་དམ་པོར་བཅངས་ཏེ། ཐད་ཀར་དུ་མང་ཚོགས་ཀྱི་བསམ་འཆར་ལ་ཉན་པ་དང་། མང་ཚོགས་བསམ་འཆར་ཆེ་བའི་འབུར་ཐོན་གནད་དོན་ཐག་གཅོད་བྱེད་པར་སྐུལ་འདེད་བཏང་སྟེ། ངེས་པ་དོན་གྱིས་མང་ཚོགས་ཀྱི་ཆེད་དུ་བྱ་བ་བསྒྲུབས་པ་དང་མང་ཚོགས་ལ་བརྟེན་པ་དོན་འཁྱོལ་བྱེད་དགོས་ཞེས་གསུངས། 

ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ཨུ་ཡོན་ལྷན་ཁང་དང་ཀོས་ཀྲིག་མཁའ་འགྲུལ་གློག་ཆས་མ་རྐང་ཚད་ཡོད་ཀུང་ཟི་ནས། ཀྲའོ་ལི་ཅི་ཡིས་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ཀྱི་ལས་བྱེད་པར་འཚམས་འདྲི་མཛད། ཁོས་བསྟན་དོན། རིམ་པ་སོ་སོའི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གིས་རྒྱུན་རྣམ་ཅན་གྱི་རིམས་འགོག་དང་། གཏན་འཇགས་དྲུག་གི་བྱ་བ་བཟང་བོར་བསྒྲུབས་པ། འགན་སྲུང་དྲུག་གི་ལས་འགན་དངོས་འབེབ་བྱེད་པ་སོགས་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ལ་དམིགས་ཏེ། རྗེས་འདེད་ལྟ་རྟོག་དང་གནད་འཁེལ་ལྟ་རྟོག་བྱས་ཏེ། ལྟ་རྟོག་འགན་སྲུང་ལག་བསྟར་དང་འཕེལ་རྒྱས་སྐུལ་འདེད་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས། འབད་བརྩོན་ལྷོད་མེད་ཀྱིས་ཀྲུང་དབྱང་གི་གཏན་འཁེལ་བརྒྱད་ཀྱི་དགོངས་དོན་དངོས་འབེབ་བྱས་ཤིང་སྤྱོད་ངན་བཞི་ཡོ་བསྲང་བྱེད་པ་དང་སྲོལ་གསར་འཛུགས་པ་མཉམ་འཛིན་བྱས་ཏེ། ཤུགས་ཆེན་པོས་དཀའ་སྡུག་འབད་འཐབ་དང་སྡུག་རུས་གྲོན་ཆུང་བྱེད་པའི་བྱ་སྤྱོད་བཟང་བོ་དར་སྤེལ་གཏོང་དགོས་ཞེས་གསུངས། 


ལོ་ཙཱ་བ། བསོད་ནམས་ཚེ་རིང་།