ཝང་དབྱི་ཡིས་སོ་ཏི་ཨ་རབ་ཀྱི་ཕྱི་འབྲེལ་བློན་ཆེན་ཧྥེ་སར་དང་ཁ་པར་གྱི་ལམ་ནས་བཀའ་མོལ་བྱས།
2020.09.18 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 7

ཟླ་དགུ་བའི་ཚེས་བཅུ་བདུན་ཉིན། རྒྱལ་དོན་ཨུ་ཡོན་དང་ཕྱི་འབྲེལ་པུའུ་ཀྲང་གི་འགན་གཅིག་ལྕོགས་སུ་བཞེས་མཁན་ཝང་དབྱི་ཡིས་དུས་ཆད་ལྟར། སོ་ཏི་ཨ་རབ་ཀྱི་ཕྱི་འབྲེལ་བློན་ཆེན་ཧྥེ་སར་དང་ཁ་པར་གྱི་ལམ་ནས་བཀའ་མོལ་བྱས།

ཝང་དབྱི་ཡིས་བཞེད་དོན། ཀྲུང་གོ་དང་སོ་ཏི་ཨ་རབ་ནི་ཕན་ཚུན་བློས་ཐུབ་ཀྱི་སྤུན་ཟླ་བཟང་པོ་དང་ཟོལ་མེད་མཉམ་ལས་ཀྱི་གྲོགས་པོ་བཟང་པོ་ཡིན། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱིས་ད་ལོར་ཐེངས་གསུམ་ལ་ཁ་པར་གྱི་ལམ་ནས་གླེང་མོལ་གནང་བ་དེས། ཀྲུང་གོ་དང་སོ་ཏི་ཨ་རབ་བར་གྱི་འཐབ་ཇུས་དང་ཡིད་ཆེས་ཀྱི་འབྲེལ་བ་ཆུ་ཚད་མཐོན་པོ་ཞིག་ཏུ་སླེབས་པ་མཚོན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཕྱི་འབྲེལ་བཙུགས་ནས་ལོ་ངོ་སུམ་ཅུ་འཁོར་བ་གོ་སྐབས་སུ་བརྩིས་ཏེ། རྒྱལ་ཁབ་གཉིས་པོའི་གཙོ་འཛིན་བར་གྲོས་མཐུན་བྱུང་བའི་ཐུན་མོང་གི་ངོས་འཛིན་གལ་ཆེན་རབ་དང་རིམ་པ་དོན་འཁྱོལ་ཡག་པོ་བྱས་ཏེ། རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་གྱི་གྲོས་འགོ་དང་སོ་ཏི་ཨ་རབ་ཀྱི་ཉིས་སྟོང་སུམ་ཅུ་ལོའི་ཕུགས་འདུན་སྦྲེལ་མཐུད་གཏིང་ཟབ་བྱེད་རྒྱུར་སྐུལ་འདེད་གཏོང་དགོས། དེ་མིན་ད་དུང་ཀྲུང་གོ་དང་སོ་ཏི་ཨ་རབ་ཀྱི་མ་འོངས་པའི་མཛེས་སྡུག་ལྡན་པའི་འབྲེལ་བ་གསར་གཏོད་བྱེད་འདོད་ཡོད་ཟེར།

ཧྥེ་སར་གྱིས་བཞེད་དོན། སོ་ཏི་ཨ་རབ་དང་ཀྲུང་གོའི་བར་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་རེས་འབྲེལ་བ་ཟབ་མོ་ཡོད་པ་དང་། ཕྱི་འབྲེལ་བཙུགས་ནས་ལོ་སུམ་ཅུ་འཁོར་བ་ནི་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་འགོ་འཛུགས་ས་གསར་པ་ཞིག་རེད། སོ་ཏི་ཨ་རབ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་དངོས་སྒྲུབ་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་འཐབ་ཇུས་སྦྲེལ་མཐུད་ལ་ཤུགས་སྣོན་བརྒྱབ་ནས། སོ་ཏི་ཨ་རབ་དང་ཀྲུང་གོའི་འབྲེལ་བ་སྔར་ལས་འཕེལ་རྒྱས་ཆེན་པོ་ཡོང་བར་བྱེད་འདོད་ཡོད་ཟེར།

ཕྱོགས་གཉིས་ཀྱིས་ཡེ་མེན་གྱི་གནད་དོན་ཐད་དགོངས་འཆར་བརྗེ་རེས་གཏིང་ཟབ་བྱས། ཧྥེ་སར་གྱིས་སོ་ཏི་ཨ་རབ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་ཀྱིས་གྲོས་མོལ་ཧུར་ཐག་བྱས་པར་བསྔགས་བརྗོད་བྱེད་ཀྱི་ཡོད། ཀྲུང་གོ་ཕྱོགས་ཀྱི་ཤུགས་རྐྱེན་གལ་ཆེན་ལ་མཐོང་ཆེན་བྱས་ཏེ། ཀྲུང་གོ་ཕྱོགས་ཀྱིས་མུ་མཐུད་ཆབ་སྲིད་ཐོག་ནས་ཡེ་མེན་གྱི་གནད་དོན་ཐག་གཅོད་བྱ་རྒྱུར་སྐུལ་འདེད་གཏོང་ཆེད་ནུས་པ་འདོན་སྤེལ་བྱ་རྒྱུའི་རེ་བ་ཡོད་པར་མ་ཟད། ཀྲུང་གོ་ཕྱོགས་དང་མཉམ་དུ་འབྲེལ་འདྲིས་དང་མཐུན་སྦྱོར་དམ་པོ་བྱེད་འདོད་ཡོད་ཟེར།

ལོ་ཙཱ་བ། བན་དེ་སྐྱབས།