《མཚོ་སྔོན། ང་ཚོའི་རྒྱལ་ཁབ་སྤྱི་གླིང》ཞེས་པ་དང《ཕ་ཡུལ་སྤྲིན་པའི་མཐོངས་ན་མཛེས》ཞེས་པའི་དངོས་བྲིས་གློག་བརྙན་གྱི་མཚམས་སྦྱོར་བྱ་འགུལ་སྤེལ། 
2020.09.18 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 11

《མཚོ་སྔོན། ང་ཚོའི་རྒྱལ་ཁབ་སྤྱི་གླིང》ཞེས་པ་དང《ཕ་ཡུལ་སྤྲིན་པའི་མཐོངས་ན་མཛེས》ཞེས་པའི་དངོས་བྲིས་གློག་བརྙན་གྱི་མཚམས་སྦྱོར་བྱ་འགུལ་ཚེས་བཅུ་བདུན་ཉིན་ཟི་ལིང་ནས་སྤེལ། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཁྲིན་རོས་ཧྥུན་བྱ་འགུལ་ལ་ཞུགས་ཏེ་གཏམ་བཤད་སྤེལ། ཧྲིན་ཀྲང་གཞོན་པ་ཀྲང་ལིས་ཀྱིས་ཧྲང་ཧེ་རྒྱང་སྒྲོག་བརྙན་འཕྲིན་ཁང་དངོས་བྲིས་འཕྲིན་ལམ་ལ་བརྙན་འཕྲིན་གསར་རྩོམ་མཛའ་མཐུན་རོགས་ལས་ཚོགས་པའི་གཟི་བརྗིད་དཔང་ཡིག་བྱིན། 

ཁྲིན་རོས་ཧྥུན་གྱིས་བསྟན་དོན། ཉེ་བའི་ལོ་འགའི་རིང་ལ། མཚོ་སྔོན་གྱི་རྒྱ་ཆེའི་བརྙན་འཕྲིན་བྱ་བ་བྱེད་མཁན་དག་གིས་ཡང་དག་པའི་ཆབ་སྲིད་ཁ་ཕྱོགས་དང་གསར་རྩོམ་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ཤིང་། མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་ལག་ལེན་ཁྲོད་གསར་རྩོམ་གྱི་བརྗོད་སྙིང་རྙེད་པ་དང་། གསར་རྩོམ་གྱི་ཚོར་འདུ་གསར་བས་རླབས་ཆེ་བའི་དུས་རབས་ལ་སེམས་གཏིང་ནས་བསྟོད་གླུ་ཕུལ་ཡོད་པ་དང་། སྨྱུག་རྩེ་དང་བརྙན་མིག་གིས་མཛེས་པའི་རི་ཆུ་དང་མཛེས་སྡུག་གི་འཚོ་བར་ཁ་ཕྱོགས་ནས། མཚོ་སྔོན་གྱི་ཁྱད་ཆོས་ལྡན་ཞིང་ནུབ་བརྒྱུད་ས་ཁུལ་གྱི་རྣམ་པ་མངོན་པའི་བརྙན་འཕྲིན་བརྩམ་ཆོས་ཕུལ་དུ་བྱུང་བ་སྐོར་ཞིག་གསར་རྩོམ་བྱས་ཏེ། དབྱངས་རྟ་གཙོ་བོ་གླུ་རུ་བླངས་པ་དང་དྲང་ཕྱོགས་ནུས་ཚད་རྒྱས་པར་བྱས་ཡོད་ཟེར། 

ཁྲིན་རོས་ཧྥུན་གྱིས་ནན་གྱིས་བསྟན་དོན། 《མཚོ་སྔོན། ང་ཚོའི་རྒྱལ་ཁབ་སྤྱི་གླིང》ཞེས་པས་ཕྱོགས་ཡོངས་ནས་མཚོ་སྔོན་གྱིས་ཤུགས་ཆེན་པོས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། ཧུར་ཐག་སྒོས་རྒྱལ་ཁབ་སྤྱི་གླིང་གི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་པ། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་འགོག་སྒྲིབ་སྲ་བརྟན་དུ་འཛུགས་པའི་ལག་ལེན་དངོས་མངོན་པར་བྱས་ཡོད་ཅིང་། འབུར་གཟུགས་ཀྱི་རྣམ་པར་མཚོ་སྔོན་གྱི་མཛེས་པའི་རི་ཆུ་དང་སྐྱེ་ཁམས་ཀྱི་མཛེས་པ། མི་དང་རང་བྱུང་ཁམས་ཀྱི་འཆམ་མཐུན་མཉམ་གནས་བཅས་ཀྱི་རི་མོ་ལྟ་བུའི་མཛེས་པ་ཀུན་གྱི་མིག་ལམ་དུ་མངོན་པར་བྱས་ཡོད། 《ཕ་ཡུལ་སྤྲིན་པའི་མཐོངས་ན་མཛེས》ཞེས་པ་ལས་བབ་ཆགས་ཤིང་སྡུག་རུས་ཆེ་བ་དང་། འཚོ་བར་དུང་ཞེན་ཆེ་བའི་མཐོ་སྒང་གི་འབྲོག་པའི་སྣང་བརྙན་བརྐོ་བཟོ་བྱས་ཏེ། མཚོ་སྔོན་གྱི་རིགས་སོ་སོའི་མི་དམངས་མང་ཚོགས་ཀྱིས་འཕེལ་རྒྱས་གསར་བའི་འདུ་ཤེས་ལག་ལེན་བྱེད་པ་དང་། དབུལ་ཐར་མཁྲེགས་་གཏོར་ལ་རོགས་འདེགས་བྱེད་པ། སྐྱེ་ཁམས་ལ་བརྟེན་ནས་རྒྱལ་ཁབ་ལ་དྲིན་ལན་འཇལ་བའི་བརྩེ་བ་ཆེན་མོ་མངོན་པར་བྱས་ཡོད། དངོས་བྲིས་གློག་བརྙན་དེ་གཉིས་ཀྱི་བརྗོད་དོན་འབུར་དུ་ཐོན་ཞིང་ཟུར་མི་འདྲ་བ་ནས་མཛེས་པ་མངོན་པར་བྱས་ཡོད་པས་མི་སེམས་འགུལ་བ་ཞིག་ཡིན་པ་དང་། མི་རྣམས་ལ་སྒྱུ་རྩལ་གྱི་ཁྲོད་ནས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་བསམ་བློའི་བདེན་ལུགས་སྟོབས་ཤུགས་དང་ལག་ལེན་ནུས་ཤུགས་ཀྱི་གོ་བ་ཉམས་སུ་མྱོང་དུ་བཅུག་ཡོད་ལ། མཚོ་སྔོན་གྱི་རིགས་སོ་སོའི་མི་དམངས་མང་ཚོགས་ཀྱི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པ་དང་དབུལ་ཐར་མཁྲེགས་གཏོར་བྱེད་པའི་ཆོད་སེམས་བརྟན་པོ་དང་བླངས་པའི་གྲུབ་འབྲས་མངོན་པར་བྱས་ཡོད། དེ་ནི་བསམ་བློའི་རང་བཞིན་དང་རོལ་མྱོང་རང་བཞིན། སྒྱུ་རྩལ་རང་བཞིན་བཅས་མཆོག་ཏུ་གྱུར་བའི་ཕུལ་བྱུང་བརྩམས་ཆོས་ཤིག་རེད་ཟེར། 


ལོ་ཙཱ་བ། བསོད་ནམས་ཚེ་རིང་།