ནུབ་བྱང་ཞིང་ལྗོངས་ལྔའི་སྲིད་གྲོས་ཀྱིས་མཉམ་དུ་ནུབ་རྒྱུད་དུ་སྒོ་འབྱེད་བྱེད་པར་སྐུལ་འདེད་གཏོང་བའི་གྲོས་མོལ་བཞུགས་མོལ་ཚོགས་འདུ་ཀན་སུའུ་ནས་བསྡུས།
2020.09.18 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 17

ཟླ་དགུ་པའི་ཚེས་བཅོ་ལྔ་ཉིན་ནས་ཚེས་བཅུ་དྲུག་ཉིན་བར། ནུབ་བྱང་ཞིང་ལྗོངས་ལྔའི་སྲིད་གྲོས་ཀྱིས་ནུབ་རྒྱུད་དུ་སྒོ་འབྱེད་བྱེད་པར་སྐུལ་འདེད་གཏོང་བའི་གྲོས་མོལ་བཞུགས་མོལ་ཚོགས་འདུ་ཀན་སུའུ་ཞིང་ཆེན་ལན་གྲུ་གྲོང་ཁྱེར་དུ་བསྡུས། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་སུའུ་ཧུའེ་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་རྡོ་རྗེ་རབ་བརྟན་གྲོས་ཚོགས་ལ་ཞུགས་པར་མ་ཟད་བརྗེ་རེས་གཏམ་བཤད་བྱས།

སུའུ་ཧུའེ་ཡིས་གྲོས་ཚོགས་བསྡུས་པར་རྟེན་འབྲེལ་ཞུས། ཁོ་མོས་བསྟན་དོན། རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་གྱི་གྲུབ་ཆ་གལ་ཆེན་ཡིན་པའི་ཆ་ནས། ནུབ་རྒྱུད་དུ་སྒོ་འབྱེད་བྱེད་པའི་ཐད་ལོ་རྒྱུས་དང་མངོན་སུམ་གྱི་དོན་སྙིང་གལ་ཆེན་ལྡན། ནུབ་བྱང་ཆེན་པོ་གསར་སྤེལ་དང་སྲུང་སྐྱོབ། བདག་གཉེར་བཟང་བོ་བྱེད་རྒྱུ་ནི་ཏང་ཀྲུང་དབྱང་གི་ཡུན་རིང་གི་བྱེད་ཕྱོགས་ཡིན་ལ། ཀྲུང་ཧྭ་མི་རིགས་དར་རྒྱས་གོང་འཕེལ་དུ་གཏོང་བའི་གཞི་རྩ་དང་མི་དམངས་སྲིད་གྲོས་ཀྱི་འགན་འཁྲི་ཡིན། ཞིང་ལྗོངས་ལྔའི་སྲིད་གྲོས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་རྒྱུན་འཁྱོངས་བྱེད་པ་དང་། ནུབ་རྒྱུད་གསར་སྤེལ་ཆེན་མོའི་འཐབ་ཇུས་ལ་རྐང་བཙུགས་ནས། ནུབ་རྒྱུད་དུ་སྒོ་འབྱེད་གཏིང་ཟབ་བྱེད་པ་དང་། མི་དམངས་སྲིད་གྲོས་རྩ་འཛུགས་དང་སྟེགས་བུའི་དགེ་མཚན་འདོན་སྤེལ་བྱེད་པ། མཉམ་དུ་བྱ་བ་བཟང་བོར་བསྒྲུབ་པ། ནུབ་བྱང་ཞིང་ལྗོངས་ལྔའི་སྤྱི་ཚོགས་གཏན་འཇགས་འཆམ་མཐུན་དང་མི་རིགས་མཐུན་སྒྲིལ་ཡར་ཐོན། མཐའ་མཚམས་ཡུན་སྐྱོང་བདེ་འགོད་བྱེད་པའི་སྟེང་སྲིད་གྲོས་ཀྱི་བློ་གྲོས་དང་སྟོབས་ཤུགས་འབུལ་དགོས་ཟེར།

ཚོགས་ཐོག་ནས། ཞིང་ལྗོངས་ལྔའི་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡིས་བརྗེ་རེས་གཏམ་བཤད་བྱས་ནས་གྲོས་གཞི་བཏོན་པ་དང་། ཞིང་ལྗོངས་ལྔའི་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གི་འགན་ཁུར་མི་སྣས་ནུབ་རྒྱུད་དུ་སྒོ་འབྱེད་བྱེད་པའི་བྱ་བའི་བསམ་ཕྱོགས་དང་བྱེ་བྲག་གི་ལས་གཞི་ངོ་སྤྲོད་བྱས་པ་དང་། རྒྱལ་ཁབ་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་དང་འགྲིམ་འགྲུལ་པུའུ། ཚོང་དོན་པུའུ། རིག་གནས་གནས་སྐོར་པུའུ་ཡི་འགན་ཁུར་བློ་མཐུན་གྱིས་གཏམ་བཤད་དེ་མཛུབ་སྟོན་རང་བཞིན་གྱི་གྲོས་གཞི་བཏོན། ཚོགས་ཐོག་ནས། ནུབ་རྒྱུད་དུ་སྒོ་འབྱེད་པར་སྐུལ་འདེད་གཏོང་བ་ནི་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་བྱེད་པ་དང་འཁོར་རྒྱུག་ཟུང་གི་འཕེལ་རྒྱས་གསར་བའི་རྣམ་པ་གྲུབ་པར་བྱེད་པའི་བྱེད་ཐབས་གལ་ཆེན་ཡིན་ལ། ནུབ་རྒྱུད་གསར་སྤེལ་ཆེན་མོའི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱེད་པ་དང་ནུབ་རྒྱུད་ས་ཁུལ་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་གཏོང་བའི་ཐད་དོན་སྙིང་གལ་ཆེན་ལྡན་ཟེར། ཚོགས་ཐོག་ནས་ནན་གྱིས་བསྟན་དོན། ཞིང་ལྗོངས་ལྔའི་སྲིད་གྲོས་ཀྱིས་ནུབ་རྒྱུད་དུ་སྒོ་འབྱེད་པའི་གནད་དོན་གལ་ཆེན་ལ་དམིགས་ནས། གྲོས་མོལ་གང་ལེགས་བྱེད་པ་དང་ཐུན་མོང་གི་ལྟ་བ་གཅིག་ཏུ་བསྡུས་པ། བློ་འདོན་ཇུས་འབུལ་བྱེད་པ་དང་། ཞིང་ལྗོངས་ལྔའི་མཉམ་ལས་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་གཏོང་དགོས་ཟེར།

ཚོགས་ཐོག་ནས་ཞིང་ལྗོངས་ལྔའི་སྲིད་གྲོས་ཀྱིས་ནུབ་རྒྱུད་དུ་སྒོ་འབྱེད་པར་སྐུལ་འདེད་གཏོང་བའི་གྲོས་མོལ་བཞུགས་མོལ་ཚོགས་འདུའི་ཟིན་བྲིས་གནད་བསྡུས་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་། རྒྱལ་ཁབ་ཀྱི་པུའུ་དང་ཨུ་ཡོན་ལྷན་ཁང་ལ་སྤྲད་པའི་ལས་གཞི་གལ་ཆེན་དང་གྲོས་གཞི་བཏོན།

རྡོ་རྗེ་རབ་བརྟན་གྱིས་བརྗེ་རེས་གཏམ་བཤད་ཁྲོད་བཤད་རྒྱུར། ཉེ་བའི་ལོ་འགའི་རིང་ལ། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་སྣེ་ཁྲིད་དུ་བྱས་པ་དང་། ནུབ་རྒྱུད་དུ་སྒོ་འབྱེད་བྱས་ལ། རྨང་གཞི་སྒྲིག་ཆས་ཉིན་རེ་བཞིན་ཇེ་བཟང་དུ་སོང་བ་དང་ཐོན་ལས་མགྱོགས་མྱུར་སྒོས་རིམ་སྤོར་བྱེད་པར་འདེགས་སྐྱོར་བྱེད་པ། དཔལ་འབྱོར་ཉོ་ཚོང་སྒུལ་ནུས་མགྱོགས་མྱུར་སྒོས་བསྒྱུར་བ། སྒོ་འབྱེད་སྟེགས་བུ་རྒྱུན་མཐུད་ངང་རྒྱ་སྐྱེད་པ། མི་གཞུང་བརྗེ་རེས་མཉམ་ལས་གཏིང་ཟབ་ཏུ་སྤེལ་བའི་རྣམ་པ་བཟང་བོ་མངོན། གོ་རིམ་རྗེས་མར། མཚོ་སྔོན་གྱིས་ལོ་ལྔའི་འཆར་གཞི་བཅུ་བཞི་བ་སྒྲིག་བཟོ་བྱེད་པ་གོ་སྐབས་སུ་བྱེད་པ་དང་། ནུབ་རྒྱུད་དུ་སྒོ་འབྱེད་པའི་ལམ་བུ་རྒྱ་སྐྱེད་པ། ཕྱི་འཚོང་ཚུལ་བསྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་བ། རྒྱལ་སྤྱིའི་ཐོན་ནུས་མཉམ་ལས་རྒྱ་སྐྱེད་པ། རྒྱུན་མཐུད་ངང་མི་གཞུང་རིག་གནས་བརྗེ་རེས་གཏིང་ཟབ་ཏུ་སྤེལ་ནས། ནུབ་རྒྱུད་དུ་སྒོ་འབྱེད་པའི་རྣམ་པ་གསར་བ་བསྐྲུན་དགོས་ཟེར།

མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཏུའུ་ཅེ་གྲོས་ཚོགས་ལ་ཞུགས།

ལོ་ཙཱ་བ། རིན་ཆེན་མཚོ།