མཚོ་སྔོན་གྱིས་ཞིང་ཆེན་དམངས་འཐུས་ཚོགས་ཆེན་གྱི་འཐུས་མིའི་ཁྲོད་བདག་གིས་མཚོ་སྔོན་གྱི་ལོ་ལྔའི་འཆར་གཞི་བཅུ་བཞི་བའི་ཐད་བློ་འདོན་ཇུས་འབུལ་བྱེད་པའི་བྱ་འགུལ་སྤེལ།
2020.09.18 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 39

ཉེ་ལམ། མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་བརྡ་སྦྱོར་བཏང་སྟེ། ཞིང་ཆེན་དམངས་འཐུས་ཚོགས་ཆེན་གྱི་འཐུས་མིའི་ཁྲོད་བདག་གིས་མཚོ་སྔོན་གྱི་ལོ་ལྔའི་འཆར་གཞི་བཅུ་བཞི་བའི་ཐད་བློ་འདོན་ཇུས་འབུལ་བྱེད་པའི་བྱ་འགུལ་སྤེལ། དམངས་ཆེན་གྱི་འཐུས་མིས་ངོས་འཛིན་མཐོར་འདེགས་གཏོང་བ་དང་རང་རྟོགས་སྒོས་དེའི་ཁྲོད་ཞུགས་པ། རྟོག་ཞིབ་གཏིང་ཟབ་བྱེད་པ་དང་བློ་བསྡུས་དགེ་འཚོལ་བྱེད་པ། རེ་བ་གསལ་བོ་འདོན་པ་དང་རང་འགུལ་གྱི་ཇུས་འབུལ་བྱས་ཏེ། མཚོ་སྔོན་ཞིང་ཆེན་གྱི་ལོ་ལྔའི་འཆར་གཞི་བཅུ་བཞི་བ་སྒྲིག་བཟོ་བྱེད་པའི་བྱ་བའི་ཐད་དམངས་ཆེན་འཐུས་མིའི་རིག་སྟོབས་འབུལ་དགོས་པའི་རེ་བ་བཏོན།

བརྡ་སྦྱོར་ནང་བསྟན་དོན། ཞིང་ཆེན་དམངས་འཐུས་ཚོགས་ཆེན་གྱི་འཐུས་མི་ནི་ཞིང་ཆེན་ཡོངས་ཀྱི་མི་དམངས་ནི་མགྲིན་ཚབ་པ་ཡིན་ལ། ཏང་དང་མི་དམངས་ཀྱི་མངག་བཅོལ་ཆེན་པོ་ཕྲག་ཏུ་བླངས་ནས། ཞིང་ཆེན་ཡོངས་ཀྱི་འཕེལ་རྒྱས་འཐབ་ཇུས་ཐད་བློ་འདོན་ཤུགས་འབུལ་བྱེད་པ་དེ་ནི། ཆབ་སྲིད་ཀྱི་རེ་བ་ཡིན་ལ། ཁྲིམས་བཀོད་འགན་འཁྲི་ཡང་ཡིན་པས། ངེས་པར་དུ་འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོབ་གཉིས་ལག་བསྟར་བྱེད་པ། རང་སྟེང་གི་ཐོན་སྐྱེད་དང་བྱ་བ། སྤྱི་ཚོགས་བྱ་འགུལ་ལ་ཟུང་འབྲེལ་བྱས་ནས། འཐུས་མི་དང་ལས་རིགས་ཀྱི་དགེ་མཚན་འདོན་སྤེལ་བྱེད་དགོས། གཅིག་བསྡུས་ལྟ་ཞིབ་དང་ཆེད་དོན་རྟོག་ཞིབ། འཐུབ་མི་ཚན་ཆུང་གི་བྱ་འགུལ། ཆེད་དོན་བྱ་འགུལ། འདེམས་དམངས་ལ་འཚམས་འདྲི་བྱེད་པ་དང་མང་ཚོགས་སྣེ་ལེན་བྱེད་པའི་ཁྲོད་ཞུགས་པ་དང་།  འབྲེལ་ཡོད་གྲོས་ཚོགས་ལ་ཞུགས་པ་དང་ཟུར་ཞུགས་བྱེད་པ་སོགས་ཀྱི་བྱེད་ཐབས་དང་ལམ་བུ་བརྒྱུད་དེ། མི་དམངས་འདོད་བློ་ལ་རྒྱུས་ལོན་གསལ་བོ་བྱེད་པ་དང་མི་དམངས་ཀྱི་སེམས་གཏམ་ལ་ཉན་པ། མི་དམངས་ཀྱི་རིག་སྟོབས་གཅིག་ཏུ་བསྡུས་པ་དང་། དེའི་རྨང་གཞིའི་སྟེང་དབྱེ་ཞིབ་དང་ཞིབ་འཇུག་གཏིང་ཟབ་བྱས་ནས། རིན་ཐང་ལྡན་པའི་གྲོས་གཞི་འདོན་དགོས་ཟེར།

བརྡ་སྦྱོར་ནང་། སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ཀྱི་འཐབ་ཇུས་ལག་བསྟར་དང་དཔེ་སྟོན་ཞིང་ལྔ་འཛུགས་སྐྲུན་བྱེད་པ། དཔལ་འབྱོར་གྱི་རྣམ་པ་བཞི་སྐྱེད་སྲི་བྱེད་པ་སོགས་ཞིང་ཆེན་ཡོངས་ཀྱི་ལྟེ་གནས་ཀྱི་སྤྱི་ཡོངས་ལ་རྐང་འཛུགས་པ་དང་། སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་གཏོང་བ་དང་གྲུབ་ཚུལ་ལེགས་བསྒྱུར་བྱེད་པ། ཞིང་སྡེ་དར་སྤེལ། སྤྱི་ཐུན་འཕྲོད་བསྟེན། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པ། ལས་ཞུགས་ལས་སྐྲུན་བྱེད་པ། དམངས་ཚིས་འགན་སྲུང་དང་མི་རིགས་མཐུན་སྒྲིལ། རིག་གནས་གནས་སྐོར་མཉམ་བསྲེས། ཕྱི་ཕྱོགས་སྒོ་འབྱེད་པ། སྤྱི་ཚོགས་བཅོས་སྐྱོང་། དམངས་གཙོ་ཁྲིམས་སྐྱོང་། ཏང་གི་འཛུགས་སྐྲུན་སོགས་ཕྱོགས་ལ་དམིགས་ནས་གྲོས་གཞི་འདོན་དགོས། ཞིང་ཆེན་དམངས་འཐུས་ཚོགས་ཆེན་གྱི་འཐུས་མི་ཐེངས་འདིའི་བྱ་འགུལ་ལ་ཞུགས་པ་དང་གྲོས་གཞི་བཏོན་པའི་གནས་ཚུལ་དེ། འཐུས་མིའི་འགན་སྒྲུབ་གནས་ཚུལ་དུ་བརྩིས་ནས་འཐུས་མིའི་འགན་སྒྲུབ་ཀྱི་ཡིག་ཚགས་ནང་འཇོག་དགོས་པའི་རེ་བ་བཏོན།

ལོ་ཙཱ་བ། རིན་ཆེན་མཚོ།