ཐིན་ཅ་ཚའེ་མིན་ཡོན་རྫོང་དུ་སོང་ནས་ཆི་ལེན་རི་བོའི་ལྷོ་རྒྱུད་མཚོ་སྔོན་ཁུལ་ཁོངས་ཀྱི་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་བྱ་བར་རྟོག་ཞིབ་བྱས།
2020.09.21 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 15

ཟླ་དགུ་པའི་ཚེས་བཅོ་བརྒྱད་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི། ཞིང་ཆེན་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཐིན་ཅ་ཚའེ་ཡིས་མིན་ཡོན་ཧོས་རིགས་རང་སྐྱོང་རྫོང་དུ་རྟོག་ཞིབ་བྱེད་སྐབས་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་མཐའ་གཅིག་ཏུ་ལག་བསྟར་བྱེད་པ་དང་། རྣམ་འགྱུར་སྔར་ལས་བརྟན་པོ་དང་སྤྱོད་ཚུལ་སྔར་ལ་བཟང་བོ། དངོས་གཉེར་གྱི་བྱེད་ཐབས་ལ་བརྟེན་ནས་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་བྱ་བ་བཟང་བོར་བསྒྲུབ་དགོས་ཟེར།

ཐིན་ཅ་ཚའེ་སྔ་གཞུག་ཏུ་ཉིན་ཁྲན་རྡོ་སོལ་གཏེར་ཁུངས་དང་ལང་ལིས་ཁི་ཟངས་གཏེར། ཡོན་ཧྲུའུ་ལུང་བའི་ཆུ་གློག་ས་ཚིགས་སོགས་ལ་སོང་ནས་སྐྱེ་ཁམས་སླར་གསོ་བཅོས་སྐྱོང་གནས་ཚུལ་ལ་ཡུལ་དངོས་ལྟ་ཞིབ་བྱས། ཁོས་བསྟན་དོན། མུ་རིའི་ཁྲིམས་འགལ་རྡོ་སོལ་སྔོག་འདོན་གནད་དོན་ནི་བློ་ཕམ་ཡིད་གདུང་ཆེ་བའི་བསླབ་བྱ་ཡིན་པས། གཅིག་ཤེས་ཀུན་གྲོལ་དང་བསླབ་བྱར་ལེན་དགོས། བསམ་བློ་ཡང་བསྐྱར་གཅིག་གྱུར་བྱེད་པ་དང་ངོས་འཛིན་སྔར་ལས་མཐོར་འདེགས་བཏང་སྟེ། མཚོ་བོད་མཐོ་སྒང་དེ་རྒྱལ་ཡོངས་དང་རྒྱལ་སྤྱིའི་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་རུ་འཛུགས་སྐྲུན་བྱེད་པའི་མཐོ་ཚད་ནས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་རྒྱུས་ལོན་གཏིང་ཟབ་དང་ལག་བསྟར་བཟང་བོ་བྱེད་པ་དང་། སྐྱེ་ཁམས་གཙོར་འཛིན་པའི་འདུ་ཤེས་དེ་ནང་སེམས་ཀྱི་རང་རྟོགས་འགུལ་སྐྱོད་དུ་བསྒྱུར་དགོས་ཟེར།

ལོ་ཙཱ་བ། རིན་ཆེན་མཚོ།