དབྱང་ཀྲི་ཝུན་གྱིས་ཟི་ལིང་དང་མཚོ་ཤར་གྱི་བྱ་བར་རྟོག་ཞིབ་བྱས།
2020.09.21 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 22

ཟླ་དགུ་པའི་ཚེས་བཅུ་དགུ་ཉིན། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་དབྱང་ཀྲི་ཝུན་གྱིས་ཟི་ལིང་གྲོང་ཁྱེར་སྟོང་སྐོར་རྫོང་དང་མཚོ་ཤར་གྲོང་ཁྱེར་ལི་ཏུའུ་ཆུའུ་རུ་རྟོག་ཞིབ་བྱེད་སྐབས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ལས་རིགས་སློབ་གསོ་སྐོར་གྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་གཏིང་ཟབ་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བཀོད་སྒྲིག་ལྟར། ལས་རིགས་སློབ་གསོའི་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་ནས། དུས་རབས་གསར་བའི་ལས་རིགས་སློབ་གསོ་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་དགོས་ཟེར།

དབྱང་ཀྲི་ཝུན་སྔ་གཞུག་ཏུ་མཚོ་སྔོན་མཐོ་རིམ་ལས་རིགས་ལག་རྩལ་སློབ་གླིང་དང་མཚོ་སྔོན་ཕྱུགས་ཟོག་སྨན་པའི་ལས་རིགས་ལག་རྩལ་སློབ་གྲྭའི་སློབ་ཁང་དང་ཟ་ཁང་། སློབ་མའི་ཉལ་ཁང་། དངོས་སྦྱོང་ཁང་། དཔེ་མཛོད་ཁང་། བསམ་བློ་སློབ་གསོ་རྟེན་གཞི་བཅས་ལ་སོང་ནས། ལས་རིགས་སློབ་གསོའི་ཐོན་ཁུངས་བཀོད་སྒྲིག་དང་སློབ་གསོ་སློབ་ཁྲིད་སྤུས་ཚད། སློབ་གྲྭ་ཆ་འཕྲིན་ཅན་འཛུགས་སྐྲུན། རིམས་འགོག་དང་གྲོན་ཆུང་དར་སྤེལ་གཏོང་བ། ཆུད་ཟོས་རྒྱས་སྤྲོས་ལ་ངོ་རྒོལ་བྱེད་པ་སོགས་གནས་ཚུལ་ལ་རྒྱུས་ལོན་བྱས་པ་དང་། ས་གནས་སྲིད་གཞུང་དང་སློབ་གསོ་སྡེ་ཁག་གི་འགན་ཁུར་བློ་མཐུན་དང་སློབ་གྲྭའི་དགེ་རྒན་ཚོ་དང་བརྗེ་རེས་གཏིང་ཟབ་བྱས་ལ། སློབ་གྲྭའི་དཀའ་གནད་ཐག་གཅོད་པར་རོགས་རམ་བྱས།

དབྱང་ཀྲི་ཝུན་གྱིས་ནན་གྱིས་བསྟན་དོན། ལས་རིགས་སློབ་གསོ་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་གཏོང་རྒྱུ་ནི། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་བྱེད་པའི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་དང་། མི་དམངས་ཡིད་ཚིམ་པའི་སློབ་གསོ་སྒྲུབ་པའི་བྱེད་ཐབས་བཟང་བོ་ཡིན་པས། ས་ཆ་སོ་སོ་དང་སྡེ་ཁག་སོ་སོས་ངོས་འཛིན་གཏིང་ཟབ་ཏུ་གཏོང་བ་དང་། ཀྲུང་དབྱང་གི་བོད་ལྗོངས་བྱ་བའི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ། ཏང་གི་སློབ་གསོ་བྱེད་ཕྱོགས་རྒྱུན་འཁྱོངས་བྱེད་པ། ཀུན་སྤྱོད་འཛུགས་སྐྲུན་དང་མི་སྐྱོང་བའི་རྩ་བའི་ལས་འགན་ལག་བསྟར་བྱེད་པ། སྤྱི་སྙིང་འཛུགས་སྐྲུན་ལ་ཤུགས་སྣོན་པ། སློབ་སྒྲུབ་ཁྱད་ཆོས་འབུར་དུ་ཐོན་པར་བྱས་ནས། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བའི་ཐད་ཤེས་ལྡན་མི་སྣའི་འདེགས་སྐྱོར་འདོན་སྤྲོད་བྱས། གོ་སྐབས་དམ་འཛིན་བྱེད་པ་དང་། མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་རྐྱེན་སྲོལ་བཀོལ་སྤྱོད་བྱེད་པ། ཤར་ནུབ་རྒྱུད་ཀྱི་མཉམ་ལས་དང་མཚོ་སྔོན་ཁུལ་ཁོངས་ཀྱི་མཉམ་ལས་དང་སློབ་གྲྭ་དང་ཁེ་ལས་ཀྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་བ། འཆར་གཞིའི་གྲུབ་ཚུལ་ལེགས་སྒྲིག་བྱེད་པ། སྐྱེད་སྲིང་ལམ་བུ་དང་ལས་ཞུགས་ལམ་བུ་རྒྱ་སྐྱེད་དགོས། སློབ་སྒྲུབ་སྤུས་ཚད་མཐོར་འདེགས་གཏོང་བ་དང་། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་མ་འོངས་པའི་ཚོང་རའི་དགོས་མཁོ་ལ་དམིགས་ནས། ཚན་རིག་དང་མཐུན་པའི་སྒོ་ནས་སློབ་ཚན་བཀོད་སྒྲིག་བྱེད་པ། དགེ་རྒན་དཔུང་སྡེ་འཛུགས་སྐྲུན་ལ་ཤུགས་བསྣན་ནས། ཆེད་ལས་རྩལ་ནུས་རང་བཞིན་གྱི་གོ་ཆོད་ཤེས་ལྡན་མི་སྣ་སྔར་ལས་མང་པོ་སྐྱེད་སྲིང་བྱེད་དགོས་ཟེར།

ལོ་ཙཱ་བ། རིན་ཆེན་མཚོ།