མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ཕྱོགས་བསྡུས་སྨན་བཅོས་བཅོས་སྒྱུར་མཁྲེགས་གཏོར་བཀོད་སྒྲིག་གྲོས་ཚོགས་ཟི་ལིང་ནས་ཚོགས།
2020.09.21 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 30

མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ཕྱོགས་བསྡུས་སྨན་བཅོས་མཁྲེགས་གཏོར་བཀོད་སྒྲིག་གྲོས་ཚོགས་ཟླ་དགུ་པའི་ཚེས་བཅོ་བརྒྱད་ཉིན་ཟི་ལིང་ནས་ཚོགས། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ཁོང་ཡུང་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད། ཚོགས་ཐོག་ནས་མཚོ་སྔོན་ཞིང་ཆེན་གྱི་ཕྱོགས་བསྡུས་སྨན་བཅོས་བཅོས་སྒྱུར་བྱ་བར་སྤྱི་སྡོམ་བྱས་པ་དང་། ད་ལོའི་སྨན་བཅོས་བཅོས་སྒྱུར་གྱི་ལོ་ཧྲིལ་བོའི་མཁྲེགས་གཏོར་ལས་འགན་ཡང་བསྐྱར་བཀོད་སྒྲིག་བྱས།

ཁོང་ཡུང་གིས་གཏམ་བཤད་སྐབས་མཚོ་སྔོན་ཞིང་ཆེན་གྱི་ལོ་བཅུའི་སྨན་བཅོས་བཅོས་སྒྱུར་བྱ་བར་ཁས་ལེན་གང་ལེགས་བྱས། ཁོས་ནན་གྱིས་བསྟན་དོན། ས་ཆ་དང་སྡེ་ཁག་སོ་སོས་གནས་བབ་ལ་ངོས་འཛིན་གསལ་བོ་བྱེད་པ་དང་། སྨན་བཅོས་བཅོས་སྒྱུར་བྱེད་པའི་བྲེལ་མྱུར་འདུ་ཤེས་དང་འགན་འཁྲི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྨན་བཅོས་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བའི་ཐད་བཏོན་པའི་རེ་བ་གསར་བར་རྒྱུས་ལོན་ཡང་དག་བྱེད་པ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་སྨན་བཅོས་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བའི་ཐད་བཏོན་པའི་དམིགས་འབེན་གསར་བར་དམིགས་ནས། བྱ་བའི་ཤུགས་འདོན་ས་དེ་མང་ཚོགས་ཀྱིས་ནད་སྟོན་དཀའ་བའི་གནད་དོན་ཐག་གཅོད་པ་དང་སྒྲིག་གཞི་རྐྱེན་སྲོལ་འཛུགས་སྐྲུན་འཐུས་ཚང་དུ་གཏོང་བའི་སྟེང་བསྡུས་པ་དང་། གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་པ། བཅོས་བསྒྱུར་བྱེད་ཤུགས་ཆེ་རུ་བཏང་སྟེ། ཧུར་ཐག་གིས་མིག་སྔའི་སྨན་བཅོས་བཅོས་སྒྱུར་བྱ་བའི་ཐད་ཀྱི་མི་འདང་ས་ཁ་གསབ་བྱེད་དགོས་ཟེར།

ཁོང་ཡུང་གིས་ནན་གྱིས་བསྟན་དོན། ས་ཆ་སོ་སོ་དང་སྡེ་ཁག་སོ་སོས་འགན་འཁྲི་ཁག་ཁུར་ཇེ་དྲག་ཏུ་གཏོང་བ་དང་། གསོ་རིག་དང་སྨན་བཅོས། སྨན་བཅོས་འགན་སྲུང་། སྨན་རྫས། སྨན་ཁང་བཅས་ཀྱི་མཉམ་འབྲེལ་བཅོས་སྒྱུར་ལ་ཤུགས་བསྣན་ནས། སྟོབས་ཤུགས་ཡོད་རྒུས་བཅོས་སྒྱུར་ལས་འགན་ལག་བསྟར་བྱེད་རྒྱུ་དམ་འཛིན་བྱེད་དགོས། སྔོན་འགོག་གཙོར་འཛིན་པ་དང་འགོག་བཅོས་ཟུང་འབྲེལ་བྱེད་པ་གཙོ་གནད་དུ་བྱས་ཏེ། སྤྱི་ཐུན་འཕྲོད་བསྟེན་ཞབས་ཞུ་མ་ལག་འཛུགས་སྐྲུན་ལ་ཤུགས་སྣོན་དགོས། ཐོན་ཁུངས་ཆ་སྡེབས་དང་སྨན་བཅོས་སྒྲིག་ལམ་ལེགས་སྒྱུར་བྱེད་པ་དམིགས་འབེན་དུ་བྱེད་པ་དང་། རིམ་པ་བགར་ནས་བརྟག་བཅོས་ལམ་ལུགས་འཐུས་ཚང་དུ་གཏོང་དགོས། གཞུང་བཙུགས་སྨན་ཁང་གི་བཅོས་སྒྱུར་འཛིན་ཐག་ཏུ་བརྩིས་ནས དེང་རབས་སྨན་བཅོས་དོ་དམ་ལམ་ལུགས་འཐུས་ཚང་དུ་གཏོང་དགོས། སྨན་བཅོས་འགན་སྲུང་ཕན་འབྲས་རྒྱ་སྐྱེད་པ་ཁྲིད་ཕྱོགས་སུ་བྱས་ནས། དམངས་ཡོངས་སྨན་བཅོས་ལམ་ལུགས་ལེགས་སྒྱུར་བྱེད་དགོས། ལྟ་སྐུལ་དོ་དམ་དང་སྨན་རིན་ཇེ་དམའ་རུ་གཏོང་བའི་གཙོ་གནད་དུ་བྱས་ཏེ། སྨན་རྫས་མཁོ་འདོན་འགན་སྲུང་ནུས་པ་མཐོར་འདེདས་གཏོང་དགོས། མཉམ་འབྲེལ་དྲ་རྒྱ་དང་སྨན་བཅོས་བདེ་ཐང་འདེགས་སྐྱོར་དུ་བྱས་ནས། བདེ་ཐང་ཞབས་ཞུ་མ་དཔེ་གསར་བ་འཛུགས་སྐྲུན་བྱེད་དགོས་ཟེར།

ཚོགས་ཐོག་ཏུ། ཞིང་ཆེན་སྨན་བཅོས་འགན་སྲུང་ཅུའུ་ཡིས་སྨན་བཅོས་འགན་སྲུང་ལམ་ལུགས་བཅོས་སྒྱུར་གནས་ཚུལ་སྙན་ཞུ་བྱས་པ་དང་། གྲོང་ཁྱེར་དང་ཁུལ་སོ་སོ་དང་སྨན་ཁང་སྐོར་ཞིག་གིས་སྨན་བཅོས་བཅོས་སྒྱུར་བྱ་བའི་ཐད་ནས་བརྗེ་རེས་གཏམ་བཤད་སྤེལ།

ལོ་ཙཱ་བ། རིན་ཆེན་མཚོ།