ཞི་ཅིན་ཕིང་གིས་སྐབས་དོན་ལྔ་པའི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་སྤྱིར་བཏང་རང་བཞིན་གྱི་རྩོད་གླེང་ཐོག་གསུང་བཤད་གལ་ཆེན་གནང་།
2020.09.24 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 220

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས་ཉེར་གཉིས་ཉིན་སྐབས་དོན་ལྔ་པའི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་སྤྱིར་བཏང་རང་བཞིན་གྱི་རྩོད་གླེང་སྟེང་གསུང་བཤད་གལ་ཆེན་གནང་ནས་བསྟན་དོན། གློ་ཚད་ཀྱི་རིམས་ནད་གསར་པར་ཁ་གཏད་འཇལ་ཆེད། རྒྱལ་ཁབ་ཁག་གིས་མི་དམངས་བླ་ན་མེད་པ་དང་ཚེ་སྲོག་བླ་ན་མེད་པ་ཡིན་པའི་འདུ་ཤེས་ལག་ལེན་དུ་བསྟར་ནས་མཐུན་སྒྲིལ་ལ་ཤུགས་སྣོན་དང་ཕྱར་བ་གྲུ་འདེགས་བྱེད་དགོས། ལས་དབང་གཅིག་པའི་ཐུན་མོང་ཚོགས་པའི་འདུ་ཤེས་དང་མཉམ་ལས་མཉམ་རྒྱལ་གྱི་འདུ་ཤེས་འཛུགས་དགོས། རྒྱལ་ཁབ་ཁག་གིས་རང་སོ་སོའི་གདམས་པའི་འཕེལ་རྒྱས་ཀྱི་ལམ་བུ་དང་ཇུས་གཞིར་ཕན་ཚུན་བརྩི་འཇོག་དང་སྒོ་འབྱེད་ཁོང་ཡངས་ཀྱི་འདུ་ཤེས་རྒྱུན་འཁྱོངས། བློ་བརྟན་འགྱུར་མེད་ཀྱིས་སྒོ་འབྱེད་ཅན་གྱི་འཛམ་གླིང་དཔལ་འབྱོར་བསྐྲུན་དགོས། གསར་གཏོད་དང་མཐུན་སྦྱོར། ལྗང་མདོག སྒོ་འབྱེད། མཉམ་སྤྱོད་བཅས་ཀྱི་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་བཙུགས་ནས་རིམས་ནད་བྱུང་རྗེས་ཀྱི་འཛམ་གླིང་དཔལ་འབྱོར་“ལྗང་མདོག་སླར་གསོ”ཡོང་བར་སྐུལ་འདེད་གཏོང་དགོས། ཕྱོགས་མང་རིང་ལུགས་ཀྱི་བགྲོད་ལམ་དུ་བསྐྱོད་རྒྱུ་རྒྱུན་འཁྱོངས་དང་མཉམ་འབྲེལ་རྒྱལ་ཚོགས་སྲོག་ཤིང་དུ་གྱུར་པའི་རྒྱལ་སྤྱིའི་མ་ལག་སྲུང་སྐྱོབ་བྱེད་དགོས། ཀྲུང་གོས་ཞི་བདེ་འཕེལ་རྒྱས་དང་སྒོ་འབྱེད་འཕེལ་རྒྱས། མཉམ་ལས་འཕེལ་རྒྱས། ཐུན་མོང་འཕེལ་རྒྱས་བཅས་ཀྱི་བགྲོད་ལམ་སྟེང་བསྐྱོད་རྒྱུ་རྒྱུན་འཁྱོངས་བྱས་ཏེ། འཛམ་གླིང་ཞི་བདེ་ཡི་འཛུགས་སྐྲུན་པ་དང་གོ་ལ་ཧྲིལ་པོ་འཕེལ་རྒྱས་གཏོང་བའི་ལེགས་སྐྱེས་འབུལ་མཁན། རྒྱལ་སྤྱིའི་སྒྲིག་ལམ་སྲུང་སྐྱོབ་བྱེད་མཁན་བཅས་ཀྱི་བྱེད་པོའི་འགན་ཁུར་རྒྱུ་ཡིན་ཟེར།

ཞི་ཅིན་ཕིང་གིས་བསྟན་དོན། ད་ལོ་ནི་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་དོན་ལྔ་འཁོར་བའི་ལོ་ཞིག་ཡིན་ལ། མཉམ་འབྲེལ་རྒྱལ་ཚོགས་དབུ་བརྙེས་ནས་ལོ་དོན་ལྔ་འཁོར་བའི་ལོ་ཞིག་ཀྱང་ཡིན། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རྗེས་དྲན་ཞུ་བའི་མཐོ་རིམ་གྲོས་ཚོགས་གཟབ་རྒྱས་ངང་བསྡུས་ཤིང་། འཛམ་གླིང་གིས་ཧྥ་ཤི་སིར་རྒོལ་བའི་དམག་འཁྲུག་གི་ལོ་རྒྱུས་ཉམས་མྱོང་དང་བསླབ་བྱ་བློ་ལ་བརྟན་པོར་ངེས་པར་བྱེད་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་ཁྲིམས་ཀྱི་དམིགས་ཡུལ་དང་རྩ་དོན་གྱི་འགྱུར་མེད་དམ་བཅའ་བསྐྱར་བསྒྲགས་བྱེད་པར་དོན་སྙིང་གལ་ཆེན་ལྡན་ཟེར།

ཞི་ཅིན་ཕིང་གིས་བསྟན་དོན། མིའི་རིགས་ཀྱིས་གློ་ཚད་ཀྱི་རིམས་ནད་གསར་པ་དང་འཐབ་རྩོད་བྱེད་བཞིན་ཡོད། རྒྱལ་ཁབ་ཁག་གི་མི་དམངས་ཀྱིས་སོ་སྲུང་རོགས་རེས་བྱས་ནས། བགེགས་དང་བར་ཆད་ཆེན་པོའི་མདུན་དུ་མིའི་རིགས་ཀྱི་བློ་སྟོབས་དང་ཆོད་སེམས། བྱམས་སེམས་བཅས་མངོན་པར་བྱས་ཏེ། མུན་ནག་གི་ཀློང་དུ་དཀར་མེ་བཏེགས་ཡོད། མིའི་རིགས་ནད་ཡམས་འདི་ལས་རྣམ་པར་རྒྱལ་ནས་རྒྱལ་ཁ་ཐོབ་ངེས་ཡིན་ཟེར།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། རིམས་ནད་ཀྱི་མདུན་དུ་ང་ཚོས་མི་དམངས་བླ་ན་མེད་པ་དང་ཚེ་སྲོག་བླ་ན་མེད་པའི་འདུ་ཤེས་ལག་ལེན་དུ་བསྟར་དགོས། ཐོན་ཁུངས་ཡོད་ཚད་བསྡུ་རུབ་དང་ཚན་རིག་དང་མཐུན་པའི་འགོག་བཅོས། གནད་འཁེལ་ཇུས་འདོན་བཅས་བྱེད་དགོས། ནད་འགོས་མཁན་གཅིག་ཀྱང་མི་འདོར་བར་བྱེད་པ་དང་ནད་པ་གཅིག་ཀྱང་མི་ལུས་པར་རིམས་ནད་མཆེད་རྒྱུ་གཏན་འགོག་མཐའ་གཅིག་ཏུ་བྱེད་དགོས། རིམས་ནད་ཀྱི་མདུན་དུ་ང་ཚོས་མཐུན་སྒྲིལ་ལ་ཤུགས་སྣོན་དང་ཕྱར་བ་གྲུ་འདེགས་བྱེད་དགོས། ཚན་རིག་གི་སྙིང་སྟོབས་བཅངས་ནས་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་འགག་རྩའི་འགོ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས། རྒྱལ་སྤྱིའི་མཉམ་འགོག་མཉམ་བཅོས་ལ་སྐུལ་འདེད་བཏང་ནས་གོ་ལ་ཧྲིལ་པོའི་རིམས་ནད་སྔོན་འགོག་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་དགོས། ཆབ་སྲིད་ཅན་དང་མིང་ངན་ཅན་དུ་འགྱུར་བར་ངོ་རྒོལ་བྱེད་དགོས། རིམས་ནད་ཀྱི་མདུན་དུ་ང་ཚོས་ཕྱོགས་ཡོངས་དང་རྒྱུན་རྣམ་ཅན་གྱི་སྔོན་འགོག་ཚོད་འཛིན་བྱེད་ཐབས་བཟོ་དགོས། གོ་རིམ་ལྡན་པའི་སྒོ་ནས་ཚོང་ལས་སླར་གསོ་དང་ལས་ཀ་བསྐྱར་གསོ། ལས་ཞུགས་གསར་གཏོད་བཅས་བྱེད་དགོས། དཔལ་འབྱོར་ལ་སྐུལ་ཁྲིད་བྱས་ནས་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་སྒྲིག་ལམ་དང་གསོན་ཤུགས་སླར་གསོ་བྱེད་དགོས། དཔལ་འབྱོར་དངོས་ཕུང་གཙོ་བོས་སྤྱི་ཁོག་སྲིད་ཇུས་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ་རང་རྒྱལ་ཁབ་ཀྱི་དཔལ་འབྱོར་བསྐྱར་དུ་སྒོ་འབྱེད་དགོས་པ་མ་ཟད། འཛམ་གླིང་གི་དཔལ་འབྱོར་སླར་གསོ་ཡོང་བར་ཡང་ལེགས་སྐྱེས་འབུལ་དགོས། རིམས་ནད་ཀྱི་མདུན་དུ་ང་ཚོས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དང་ལྷག་པར་དུ་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ལ་སེམས་ཁུར་དང་ལྟ་རྟོག་བྱེད་དགོས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བུ་ལོན་ཉུང་གཏོང་དང་རོགས་སྐྱོར་སོགས་ཀྱི་ཐད་དུས་ཐོག་ཏུ་བྱེད་ཐབས་ནུས་ལྡན་སྤྱད་དེ། 《མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཉིས་སྟོང་སུམ་ཅུ་ལོའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་རིམ》དོན་འཁྱོལ་ཡག་པོ་ཡོང་བར་འགན་ལེན་བྱས་ནས། ཁོང་ཚོར་དཀའ་ངལ་ཁྱད་བསད་བྱེད་རོགས་བྱེད་དགོས་ཟེར།

ཞི་ཅིན་ཕིང་གིས་བསྟན་དོན། འདས་པའི་ལོ་དོན་ལྔ་ཡི་སྔོན་ལ། ཀྲུང་གོས་འཛམ་གླིང་ཐོག་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་འཐོབ་ཆེད་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་ལེགས་སྐྱེས་ཕུལ་བ་དང་མཉམ་འབྲེལ་རྒྱལ་ཚོགས་འཛུགས་པར་རྒྱབ་སྐྱོར་བྱས་ཡོད། དེ་རིང་སྔར་བཞིན་འགན་འཁུར་ཕོད་པའི་སྙིང་སྟོབས་གཅིག་འདྲ་འཛིན་དགོས། ཀྲུང་གོས་རྒྱལ་སྤྱིའི་རིམས་ནད་འགོག་བཅོས་ཀྱི་མཉམ་ལས་ནང་ཧུར་ཐག་ཞུགས་ནས་གོ་ལ་ཧྲིལ་པོའི་སྤྱི་པའི་འཕྲོད་བསྟེན་བདེ་འཇགས་སྲུང་སྐྱོབ་བྱེད་ཆེད་ཀྲུང་གོའི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན། ཀྲུང་གོས་མུ་མཐུད་དུ་རྒྱལ་ཁབ་ཁག་དང་མཉམ་དུ་རིམས་ནད་འགོག་པའི་ཉམས་མྱོང་དང་ནད་བརྟག་སྨན་བཅོས་ཀྱི་ལག་རྩལ་མཉམ་སྤྱོད་བྱེད་རྒྱུ་ཡིན། དགོས་མཁོ་ཡོད་པའི་རྒྱལ་ཁབ་ལ་རྒྱབ་སྐྱོར་དང་རོགས་རམ་བྱས་ནས་གོ་ལ་ཧྲིལ་པོའི་རིམས་ནད་འགོག་པའི་དངོས་ཟོག་མཁོ་སྤྲོད་ཀྱི་སྦྲེལ་ཐག་བརྟན་པོ་ཡོང་བར་འགན་ལེན་བྱེད་དགོས། ནད་དུག་ཁུངས་འདེད་དང་ཁྱབ་སྤེལ་གྱི་ཐབས་ལམ་འཛམ་གླིང་ཡོངས་ཀྱི་ཚན་རིག་ཞིབ་འཇུག་ལ་ཧུར་ཐག་ཞུགས་དགོས། ཀྲུང་གོ་རིམས་འགོག་སྨན་ཁབ་མང་པོ་ཚོད་ལྟ་བྱེད་པའི་དུས་རིམ་ན་གནས་ཡོད་སྟབས།  ཞིབ་འཇུག་གསར་སྤེལ་བྱས་པ་དང་འབྲེལ་ནས་བེད་སྤྱོད་བྱས་རྗེས་གོ་ལ་ཧྲིལ་པོའི་སྤྱི་པའི་ཐོན་རྫས་སུ་བརྩིས་ཏེ། སྔོན་ལ་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་མཁོ་འདོན་བྱེད་རྒྱུ་ཡིན། ཀྲུང་གོས་ལོ་གཉིས་ཀྱི་ནང་ཚུད་དུ་རྒྱལ་སྤྱིའི་སྒང་ལ་རོགས་སྐྱོར་མ་དངུལ་ཨ་སྒོར་དུང་ཕྱུར་ཉི་ཤུ་མཁོ་འདོན་ ཁས་ལེན་བྱས་པ་དོན་ཐོག་ཏུ་འཁྱོལ་བར་བྱེད་རྒྱུ་ཡིན། དེ་མིན་ད་དུང་ཞིང་ལས་དང་དབུལ་བོ་ཉུང་གཏོང་། སློབ་གསོ། བུད་མེད་དང་བྱིས་པ། གནམ་གཤིས་འགྱུར་ལྡོག་སོགས་ཁྱབ་ཁོངས་ཀྱི་རྒྱལ་སྤྱིའི་མཉམ་ལས་ཟབ་སྤེལ་བྱས་ཏེ། རྒྱལ་ཁབ་ཁག་གི་དཔལ་འབྱོར་དང་སྤྱི་ཚོགས་སླར་གསོ་དང་འཕེལ་རྒྱས་ཡོང་བར་རོགས་རམ་བྱེད་རྒྱུ་ཡིན་ཟེར།

ཞི་ཅིན་ཕིང་གིས་བསྟན་དོན། མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་རྒྱུས་ནི་འགྲན་སློང་དང་དཀའ་ངལ་སྣ་ཚོགས་རྒྱུན་ཆད་མེད་པ་ལས་རྣམ་པར་རྒྱལ་བའི་ལོ་རྒྱུས་ཤིག་རེད། གློ་ཚད་ཀྱི་རིམས་ནད་གསར་པ་འདི་འཛམ་གླིང་ཡོངས་སུ་ཁྱབ་ཆེན་པོའི་སྒོ་ནས་མཆེད་ཀྱིན་ཡོད་པ་དང་འཛམ་གླིང་ཐོག་ལོ་བརྒྱ་ལ་བྱུང་མ་མྱོང་བའི་འཕོ་འགྱུར་ཆེན་པོས་ཕན་ཚུན་ཤུགས་རྐྱེན་བཟོ་བཞིན་ཡོད་མོད།  འོན་ཀྱང་ཞི་བདེ་དང་འཕེལ་རྒྱས་ཀྱི་དུས་རབས་ཀྱི་བརྗོད་དོན་གཙོ་བོར་འགྱུར་བ་བྱུང་མེད་པ་དང་རྒྱལ་ཁབ་ཁག་གི་མི་དམངས་ཀྱི་ཞི་བདེ་འཕེལ་རྒྱས་དང་མཉམ་ལས་གཉིས་ཕན་གྱི་རེ་སྒུག་སྔར་ལས་ཆེ་རུ་ཕྱིན་ཡོད། གློ་ཚད་རིམས་ནད་གསར་པ་ནི་མིའི་རིགས་ཀྱི་མདུན་དུ་གནས་པའི་ཆེས་མཐའ་མའི་ཉམས་ཉེན་དེ་ཡིན་མི་སྲིད་པར་བརྟེན། ང་ཚོས་ངེས་པར་དུ་ལག་གདང་སྦྲེལ་ནས་གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་སྔར་ལས་མང་བ་བསུ་རྒྱུའི་གྲ་སྒྲིག་ཡག་པོ་བྱེད་དགོས་ཟེར།

མཇུག་ཏུ་ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ལོ་རྒྱུས་ཀྱི་རྒྱུག་མཐུད་དབྱུག་པ་ང་ཚོའི་མི་རབས་འདིའི་ལག་ཏུ་འབྱོར་ཟིན། ང་ཚོས་ངེས་པར་དུ་མི་དམངས་ལ་ངོ་གནོང་མི་དགོས་པ་དང་ལོ་རྒྱུས་ལ་ངོ་གནོང་མི་དགོས་པའི་གདམ་ག་རྒྱག་དགོས། ང་ཚོས་མཐུན་སྒྲིལ་སྒོས་ཞི་བདེ་དང་འཕེལ་རྒྱས། དྲང་གཞག དྲང་བདེན། དམངས་གཙོ། རང་དབང་བཅས་ཀྱི་མིའི་རིགས་ཡོངས་ཀྱི་ཐུན་མོང་གི་རིན་ཐང་བརྟན་སྲུང་བྱེད་རྒྱུ་དང་། རྒྱལ་སྤྱིའི་འབྲེལ་བ་གསར་པ་འཛུགས་པར་སྐུལ་འདེད་གཏོང་དགོས། མིའི་རིགས་ཀྱི་ལས་དབང་གཞི་གཅིག་ཅན་བསྐྲུན་རྒྱུར་སྐུལ་འདེད་བཏང་ནས་འཛམ་གླིང་ལ་སྔར་ལས་མཛེས་སྡུག་ལྡན་པའི་མ་འོངས་པ་ཞིག་ཐུན་མོང་སྒོས་བསྐྲུན་དགོས་ཟེར།

ལོ་ཙཱ་བ། བན་དེ་སྐྱབས།