མཚོ་སྔོན་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་བཞི་བ་ཟི་ལིང་ནས་ཚོགས་འགོ་བརྩམས།
2020.09.26 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 15

ཟླ་དགུ་པའི་ཚེས་ཉེར་བཞི་ཉིན། མཚོ་སྔོན་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་བཞི་ཟི་ལིང་ནས་ཚོགས་ཏེ། རྒྱལ་ཡོངས་ཀྱི་ས་གནས་སྲིད་གྲོས་བྱ་བའི་ཉམས་མྱོང་བརྗེ་རེས་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་།  མཚོ་སྔོན་ཞིང་ཆེན་གྱི་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་ཐོན་ལས་བསྡུ་རུབ་གནས་བབ་དང་ལོ་ལྔའི་འཆར་གཞི་བཅུ་བཞི་པའི་འཕེལ་རྒྱས་མདུན་ལྗོངས་ལ་དམིགས་ནས་གྲོས་མོལ་སྲིད་གླེང་བྱས།

ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་རྡོ་རྗེ་རབ་བརྟན་གྱིས་འགོ་རྩོམ་མཛད་སྒོར་འགོ་མཛིན་བྱས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་། ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་ཧྲུའུ་ཅི་གཞོན་པ་མགོན་པོ་བཀྲ་ཤིས་དང་། ཧྲིན་ཀྲང་གཞོན་པ་ཝང་ལིས་མེན་གཉིས་གདན་ཞུ་ལྟར་གྲོས་ཚོགས་ལ་ཞུགས། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་རིན་ཆེན་རྣམ་རྒྱལ་དང་ཀྲང་ཧྲིག་ཁྲིན། ཏུའུ་ཅེ། མཱ་ཧའེ་དབྱིན། དྲུང་ཡིག་ཆེན་མོ་ལིའུ་ཏ་ཡེ་སོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མི་ང་བདུན་གྲོས་ཚོགས་ལ་ཞུགས།

ཝང་ལིས་མེན་གྱིས་མཚོ་སྔོན་ཞིང་ཆེན་གྱི་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་ཐོན་ལས་བསྡུ་རུབ་གནས་བབ་དང་ལོ་ལྔའི་འཆར་གཞི་བཅུ་བཞི་པའི་འཕེལ་རྒྱས་མདུན་ལྗོངས་ཀྱི་ཆེད་དོན་སྙན་ཞུ་ཕུལ། ཁོས་བསྟན་དོན། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་ཚུན་དུ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འགོ་ཁྲིད་བརྟན་པོའི་འོག ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོ་དང་རིགས་མི་འདྲ་བའི་ཐོན་ལས་ར་བའི་ཁུལ་གྱིས་སྲིད་ཇུས་དང་ཁུལ་གནས། ཐོན་ཁུངས་དགེ་མཚན་ལ་རྒྱབ་རྟེན་ནས། རྒྱུ་རྐྱེན་གཙོ་བོའི་བསྡུ་རུབ་རྩོལ་ནུས་འདོན་སྤེལ་གང་ལེགས་བྱས་པ་དང་། རིགས་སྣ་མང་བ་དང་དར་རྒྱས་གོང་འཕེལ་གྱི་རྣམ་པ་མངོན་པར་བྱས་ལ། འཕེལ་རྒྱས་ཀྱི་གནས་ཐིག་གཏན་ཁེལ་ཧ་ཅང་གསལ་བའི་བསྡུ་རུབ་ཁུལ་གྱི་རྣམ་པ་གྲུབ་པར་བྱས་པ་དང་། ཁུལ་ཁོངས་ཁྱད་ཆོས་མངོན་གསལ་ཡིན་པའི་དགེ་མཚན་ཐོན་ལས་འདུ་ཚོགས་སྐྱེད་སྲིང་བྱས་པས། ཐོན་ལས་བསྡུ་རུབ་ཁུལ་དེ་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བའི་སྣེ་ཁྲིད་མཁན་དུ་གྱུར་ཡོད་ཟེར། ཁོས་ནན་གྱིས་བསྟན་དོན། ལོ་ལྔའི་འཆར་གཞི་བཅུ་བཞི་པའི་སྐབས་སུ། མཚོ་སྔོན་ཞིང་ཆེན་གྱིས་སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ཀྱི་འཐབ་ཇུས་དང་དཔེ་སྟོན་ལྔའི་ཞིང་ཆེན་འཛུགས་སྐྲུན་བྱེད་པ། དཔལ་འབྱོར་རྣམ་པ་བཞིའི་སྣེ་ཁྲིད་ལ་དམིགས་ནས། སྐྱེ་ཁམས་སྲུང་སྐྱོབ་གཙོར་འཛིན་པ་རྒྱུན་འཁྱོངས་བྱེད་པ། ཚོང་ར་གཙོ་ཁྲིད་དུ་བྱེད་པ། ཁྱད་ཆོས་དང་གསར་གཏོད་སྣེ་ཁྲིད་དུ་བྱེད་པ། ལྗང་མདོག་ཐན་ཉུང་འཁོར་རྒྱུག་འཕེལ་རྒྱས་ཀྱི་ཐོན་ལས་བསྡུ་རུབ་གྲུབ་པར་བྱེད་པ། མཉམ་འབྲེལ་དྲ་རྒྱའི་ལག་རྩལ་བསྒྱུར་བཀོད་མཐོར་འདེགས་ཀྱི་ད་ཡོད་ཐོན་ལས་ར་བ་དང་ཞབས་ཞུའི་ལས་རིགས་བསྡུ་རུབ་ཁུལ་བཀོལ་སྤྱོད་བྱས་ཏེ། ཁྱད་ལྡན་ཚོང་རྟགས་སྐྱེད་སྲིང་བྱེད་པ་དང་འཕེལ་རྒྱས་ཀྱི་སྤུས་ཚད་མཐོར་འདེགས་གཏོང་དགོས་ཟེར།

ཏུའུ་ཅེ་ཡིས་རྟོག་ཞིབ་གནས་ཚུལ་གྱི་སྙན་ཞུ་ཕུལ། ཁོས་བསྟན་དོན། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་བློ་བརྟན་འགྱུར་མེད་ཀྱིས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ལག་བསྟར་བྱས་པ་དང་། ར་བའི་ཁུལ་གྱི་ཐོན་ལས་བསྡུ་རུབ་རྩོལ་ནུས་ལ་ཤུགས་སྣོན་པར་སྐུལ་འདེད་བཏང་བས། ཐོན་ལས་ཀྱི་གཞི་ཁྱོན་བསྡུར་རུབ་ཕན་འབྲས་ཐོག་མར་མངོན་པ་དང་། ས་ཁུལ་གྱི་ཐོན་ལས་བསྡུ་རུབ་ཆུ་ཚད་མངོན་གསལ་སྒོས་ཇེ་མཐོར་སོང་། རྟོག་ཞིབ་ཁྲོད་རྙེད་པའི་ཐོན་ལས་བསྡུ་རུབ་བྱེད་ཚད་མི་མཐོ་བ་དང་སྣེ་ཁྲིད་ནུས་པ་ཞན་པ། ཚན་རྩལ་དང་ཤེས་ལྡན་མི་སྣའི་བསྡུ་རུབ་དགེ་མཚན་མངོན་གསལ་མིན་པ་སོགས་ལ་ཁ་གཏད་དེ། རྟོག་ཞིབ་ཚན་ཆུང་གིས་ཐོན་ལས་ཀྱི་གནས་ཐིག་གཏན་ཁེལ་གསལ་བོ་བྱས་པ་དང་། འཆར་འགོད་ཀྱི་སྣེ་ཁྲིད་བཟང་བོ་བྱེད་པ། སྐུལ་འདེད་རྐྱེན་སྲོལ་བཙུགས་ནས།ཐོན་ལས་བསྡུ་རུབ་ཁུལ་འཕེལ་རྒྱས་སུ་གཏོང་བ་དང་ཐོན་ལས་བསྡུ་རུབ་ཁྱུ་ཚོགས་རྒྱ་སྐྱེད་རྒྱུའི་བསམ་འཆར་བཏོན།

ལོ་ཙཱ་བ། རིན་ཆེན་མཚོ།