རྒྱུད་གཅིག་ལམ་གཅིག་དག་གཙང་ནུས་ཁུངས་འཕེལ་རྒྱས་གླེང་སྟེགས་ཟི་ལིང་ནས་ཚོགས་འགོ་བརྩམས།
2020.09.30 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 11

རྒྱུད་གཅིག་ལམ་གཅིག་དག་གཙང་ནུས་ཁུངས་འཕེལ་རྒྱས་གླེང་སྟེགས་ཟླ་དགུ་པའི་ཚེས་ཉེར་དགུ་ཉིན་ཟི་ལིང་ནས་ཚོགས་འགོ་བརྩམས། ཐེངས་འདིའི་གླེང་སྟེགས་དེ་མཚོ་སྔོན་ཞིང་ཆེན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྨ་ཆུའི་བཞུར་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་གཏོང་བའི་བཞུགས་མོལ་ཚོགས་འདུའི་སྟེང་གནང་བའི་གསུང་བཤད་གལ་ཆེན་ལག་ལེན་མཐར་ཕྱིན་བྱེད་པའི་མུ་འབྲེལ་བྱ་འགུལ་གྲས་ཀྱི་གཅིག་ལ་བརྩི་བ་དང་། བརྗོད་དོན་ནི་ནུས་ཁུངས་གསར་བརྗེ་དང་དག་གཙང་དཔེ་སྟོན། མཉམ་ལས་མཉམ་སྤྱོད། ལྗང་གློག་དམིགས་བསལ་ས་ཁུལ་ཡིན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་བྱམས་པ་ཕུན་ཚོགས་གླེང་སྟེགས་ཚོགས་འགོ་རྩོམ་པའི་མཛད་སྒོར་ཞུགས་པ་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཅན་ཅུན་གྱིས་ཤིས་ཚིག་ཕུལ། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཞིན་ཁྲང་ཞིང་གིས་གཏམ་བཤད། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་རྡོ་རྗེ་རབ་བརྟན་མཛད་སྒོར་ཞུགས།

བྱམས་པ་ཕུན་ཚོགས་ཀྱིས་གླེང་སྟེགས་འགོ་བརྩམས་པ་དྲིལ་སྒྲོག་བྱས།

ཝང་ཅན་ཅུན་གྱིས་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱི་ཚབ་བྱས་ནས། གླེང་སྟེགས་ལ་ཞུགས་པའི་འགོ་ཁྲིད་དང་སྐུ་མགྲོན་རྣམས་ལ་བཀའ་དྲིན་ཞུས་ཤིང་གླེང་སྟེགས་བསྡུས་པར་རྟེན་འབྲེལ་ཞུས། ཁོས་བཤད་རྒྱུར། ད་ལོ་ནི་དམིགས་བསལ་གྱི་ལོ་ཞིག་ཡིན་ལ། གླེང་སྟེགས་བསྡུས་པ་དེ་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་ལག་བསྟར་ནན་མོ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསར་བརྗེ་བཞི་དང་མཉམ་ལས་གཅིག་གི་ནུས་ཁུངས་བདེ་འཇགས་འཐབ་ཇུས་གསར་བ་ལག་བསྟར་བྱེད་པ། པྲོག་གསར་གློ་ཚད་རིམས་ནད་ཀྱིས་འཛམ་གླིང་དཔལ་འབྱོར་དང་འཛམ་གླིང་ཡོངས་ཀྱི་ནུས་ཁུངས་ཐོན་སྐྱེད། བགོ་བཤའ། བརྗེ་རེས། འཛད་སྤྱོད་ཐད་ཐེབས་པའི་གནོད་པར་ཁ་གཏད་འཇལ་བ་བཅས་ཀྱི་ཐད་དོན་སྙིང་ཆེན་པོ་ལྡན། ནུས་ཁུངས་གསར་བརྗེ་ཐད་ནས་ཆབ་སྲིད་གླེང་དགོས། རྒྱལ་ཁབ་ཀྱི་ཁེ་ཕན་ལ་སྲུང་སྐྱོབ་བྱེད་རྒྱུ་ནི་ནུས་ཁུངས་གསར་བརྗེའི་ཆེས་མཐོ་བའི་ཆབ་སྲིད་རྩ་དོན་ཡིན་པས། རྒྱལ་ཁབ་ཀྱི་ཆབ་སྲིད་ཀྱི་ཁེ་ཕན་དང་དཔལ་འབྱོར་གྱི་ཁེ་ཕན་གོ་གནས་གཙོར་བཞག་ན། ནུས་ཁུངས་འཕེལ་རྒྱས་ཀྱི་བགྲོད་ལམ་ད་གཟོད་སྔར་ལས་རྒྱ་སྐྱེད་ཐུབ་པ་དང་། ནུས་ཁུངས་གསར་བརྗེའི་མདུན་ལྗོངས་ད་གཟོད་སྔར་ལས་བཟང་། ནུས་ཁུངས་གསར་བརྗེ་ཐད་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། འཕེལ་རྒྱས་ནི་ཡུན་རིང་གི་བརྗོད་སྙིང་ཡིན་པ་དང་། ནུས་ཁུངས་ནི་འཕེལ་རྒྱས་ཀྱི་རྨང་གཞི་ཡིན། མིག་སྔའི་རྒྱལ་སྤྱིའི་རྒྱལ་ནང་གི་རྒྱབ་ལྗོངས་ཆེན་པོའི་འོག འཕེལ་རྒྱས་ཐད་ནས་སྐབས་བསྟུན་མདུན་སྐྱོད་བྱེད་པ་དང་། ནུས་ཁུངས་གསར་བརྗེ་ཐད་ནས་གནས་བབ་དང་བསྟུན་པ། རང་འགུལ་གྱིས་རྒྱལ་ནང་གི་འཁོར་རྒྱུག་ཆེན་པོ་དང་རྒྱལ་ནང་རྒྱལ་སྤྱིའི་འཁོར་རྒྱུག་ཁྲོད་འདྲེས་པར་བྱས་ནས། འཁོར་རྒྱུག་ཁྲོད་གོ་སྐབས་གསར་བ་སྐྱེད་སྲིང་བྱེད་པ་དང་། འཁོར་རྒྱུག་ཁྲོད་རྣམ་པ་གསར་བ་གསར་སྐྲུན་བྱེད་དགོས། ནུས་ཁུངས་གསར་བརྗེ་ཐད་ནས་ཚན་རྩལ་སྟོབས་ལྡན་དུ་བསྒྱུར་དང་བདེ་འཇགས་ལ་སྲུང་སྐྱོབ་བྱེད་དགོས་ཟེར། ཝང་ཅན་ཅུན་གྱིས་བསྟན་དོན། མཚོ་སྔོན་ནི་དག་གཙང་ནུས་ཁུངས་ཀྱི་མཐོ་ས་ཡིན་པས། ང་ཚོས་ཚང་མ་དང་མཉམ་དུ། དག་གཙང་ནུས་ཁུངས་མཉམ་ལས་ལ་ཤུགས་སྣོན་པ་དང་དག་གཙང་ནུས་ཁུངས་འཕེལ་རྒྱས་སུ་གཏོང་བའི་གྲུབ་འབྲས་མཉམ་སྤྱོད་བྱས་ཏེ། མཚོ་སྔོན་ཀྲུང་གོ་དང་འཛམ་གླིང་གི་དག་གཙང་ནུས་ཁུངས་འཕེལ་རྒྱས་སུ་གཏོང་བའི་ཐད་ཀྱི་དཔེ་མཚོན་དུ་འཛུགས་སྐྲུན་བྱེད་དགོས་ཟེར།

ཞིན་ཁྲང་ཞིང་གིས་ཁ་བྱང་ལ་དག་གཙང་དཔེ་སྟོན་གྱིས་ནུས་ཁུངས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཞེས་པའི་བརྗོད་དོན་གཏམ་བཤད་སྤེལ། ཁོས་བཤད་རྒྱུར། དག་གཙང་ནུས་ཁུངས་ཀྱིས་རིམས་ནད་ཀྱི་གནོད་པ་ཆེན་པོ་དང་ནམ་ཟླའི་འགྱུར་ལྡོག་ལ་ཁ་གཏད་འཇལ་བའི་ཁྲོད་ནུས་པ་ཆེན་པོ་འདོན་སྤེལ་བྱས་པ་དང་། ནུས་ཁུངས་བདེ་འཇགས་འགན་སྲུང་ཁྲོད་དམིགས་བསལ་གྱི་གོ་གནས་ཟིན་ལ། དཔལ་འབྱོར་སླར་གསོ་བྱེད་པའི་ཁྲོད་འགན་འཁྲི་གལ་ཆེན་ཁུར་ཡོད་པ་དང་། ནུས་ཁུངས་དག་གཙང་ཐན་ཉུང་ཚུལ་བསྒྱུར་གྱི་ཡུན་རིང་གནས་བབ་འགྱུར་མེད་ལ་འགྱུར་ཡང་མི་སྲིད། ཉེ་བའི་ལོ་འགའི་རིང་ལ། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསར་བརྗེ་བཞི་དང་མཉམ་ལས་གཅིག་གི་ནུས་ཁུངས་འཐབ་ཇུས་དགོངས་པ་དང་མཚོ་སྔོན་རྒྱལ་ཁབ་ཀྱི་རིགས་གསར་བའི་ནུས་ཁུངས་ཐོན་ལས་རྟེན་གཞི་གལ་ཆེན་དུ་འགྱུར་བར་བྱེད་པའི་མཆན་བཀོད་མཛུབ་སྟོན་ལག་ལེན་མཐར་ཕྱིན་བྱས་པ་དང་། རྒྱལ་ཁབ་ཀྱི་དག་གཙང་ནུས་ཁུངས་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱས་པས། ཐོན་ལས་རྟེན་གཞི་ལ་གཞི་ཁྱོན་ཆགས་པ་དང་། འཛད་སྤྱོད་ཆུ་ཚད་རྒྱུན་མཐུད་ངང་ཇེ་མཐོར་སོང་ལ། ཚུལ་བསྒྱུར་གྱི་གོམ་སྟབས་སྔར་ལས་བརྟན་པ་དང་། ཁོར་ཡུག་སྲུང་སྐྱོབ་ཕན་ཁེ་རིམ་པ་བཞིན་ཇེ་ཆེར་སོང་ནས། ནུས་ཁུངས་འཕེལ་རྒྱས་སུ་གཏོང་བའི་ཐད་ནས་གྲུབ་འབྲས་བཟང་བོ་ལེན་པར་སྐུལ་འདེད་བཏང་། གོ་རིམ་རྗེས་མར་ང་ཚོས་ནུས་ཁུངས་ཐོན་སྐྱེད་གསར་བརྗེ་གཏིང་ཟབ་ཏུ་སྤེལ་བར་དམིགས་ནས། ཧུར་ཐག་གིས་རྡོ་སོལ་དང་སྣུམ། རླངས། ནུས་ཁུངས་གསར་བ། ཡང་བསྐྱར་བཀོལ་སྤྱོད་བྱེད་ཆོག་པའི་ནུས་ཁུངས་ཀྱི་ནུས་ཁུངས་མཁོ་འདོན་མ་ལག་འཛུགས་རྒྱུ་ཡིན། ནུས་ཁུངས་འཛད་སྤྱོད་གསར་བརྗེ་གཏིང་ཟབ་ཏུ་སྤེལ་བར་དམིགས་ཏེ། ཧུར་ཐག་གིས་མཚོ་སྔོན་གྱི་ལྗང་གློག་དམིགས་བསལ་ས་ཁུལ་འཛུགས་སྐྲུན་བྱེད་དགོས། ནུས་ཁུངས་ལག་རྩལ་གསར་བརྗེ་གཏིང་ཟབ་ཏུ་སྤེལ་བར་དམིགས་ནས། ཆུ་དང་རླུང་། ཉི་འོད། ནུས་གསོག་ཁ་གསབ་དང་སྐས་རིམ་ནུས་པ་འཚོལ་ཞིབ་བྱེད་དགོས། ནུས་ཁུངས་སྒྲིག་གཞི་གསར་བརྗེ་གཏིང་ཟབ་ཏུ་སྤེལ་བར་དམིགས་ནས། གློག་ཤུགས་སྒྲིག་གཞི་བཅོས་བསྒྱུར་ཕྱོགས་བསྡུས་ཚོད་ལྟ་བརྟན་བརླིང་ངང་སྤེལ་བ། ཐན་ཕྱིར་འདོན་དབང་ཆ་དང་ལྗང་མདོག་གློག་ཤུགས་འཛིན་བྱང་བརྗེ་རས་སྤེལ་ནས། ནུས་ཁུངས་རྒྱུ་རྐྱེན་ཆ་སྡེབས་བཅོས་བསྒྱུར་མྱུར་དུ་སྤེལ་དགོས། ནུས་ཁུངས་བརྗེ་རེས་མཉམ་ལས་གཏིང་ཟབ་ཏུ་སྤེལ་བར་དམིགས་ཏེ། རྒྱུད་གཅིག་ལམ་གཅིག་ཁྲོད་འདྲེས་པར་བྱེད་པ། ཁྱོན་ཡོངས་ནས་རྒྱལ་སྤྱིའི་ནུས་ཁུངས་མཉམ་ལས་ཁྲོད་ཞུགས་པ། འབྲེལ་ཡོད་ཞིང་ལྗོངས་ཀྱི་ནུས་ཁུངས་མཉམ་ལས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་བཏང་སྟེ། ལན་ཀྲི་དང་ཟི་ལིང་གྲོང་ཁྱེར་ཚོགས་ཀྱི་ནུས་ཁུངས་མཉམ་འབྲེལ་མཉམ་མཐུད་དང་འགན་སྲུང་ནུས་པ་མཐོར་འདེགས་གཏོང་དགོས། ང་ཚོས་ཐེངས་འདིའི་གླེང་སྟེགས་གོ་སྐབས་སུ་བྱས་ནས། ཕྱོགས་སོ་སོའི་བར་གནད་འགག་ལག་རྩལ་ཐོད་བརྒལ་དང་ལས་གཞི་ཆེན་པོའི་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ་དང་། མཉམ་དུ་དག་གཙང་ནུས་ཁུངས་ཐོན་ལས་འཕེལ་རྒྱས་སུ་གཏོང་བའི་མ་དཔེ་གསར་བ་དང་ལམ་བུ་གསར་བ་འཚོལ་ཞིབ་བྱས་ནས། ཧུར་ཐག་གིས་ནུས་ཁུངས་དག་གཙང་ཐན་ཉུང་ཚུལ་བསྒྱུར་དང་མི་དང་རང་བྱུང་འཆམ་མཐུན་མཉམ་གནས་ཡོང་བར་མཚོ་སྔོན་གྱི་བྱས་རྗེས་གསར་བ་འཇོག་དགོས་ཟེར།

འགོ་རྩོམ་མཛད་སྒོ་དང་བརྗོད་དོན་གཏམ་བཤད་བྱས་རྗེས། བྱམས་པ་ཕུན་ཚོགས་དང་ཝང་ཅན་ཅུན། ཞིན་ཁྲང་ཞིང་སོགས་འགོ་ཁྲིད་ཀྱིས་མཉམ་དུ་མཚོ་སྔོན་དང་ཧྲན་ཏུང་ཐད་རྒྱུག་ཆ་སྡེབས་གློག་ཁུངས་གློག་འདོན་མཛད་སྒོ་སྤེལ་འགོ་བརྩམས་པ་དང་། ཚོགས་ཞུགས་འགོ་ཁྲིད་དང་སྐུ་མགྲོན་ཚོས་ད་དུང་མཉམ་དུ་མཚོ་སྔོན་གྱི་དག་གཙང་ནུས་ཁུངས་འཕེལ་རྒྱས་ཀྱི་གྲུབ་འབྲས་འགྲེམ་སྟོན་ལ་ལྟ་སྐོར་བྱས།

མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྒྱུན་ལས་ཧྲིན་ཀྲང་གཞོན་པ་ལིས་ཅེ་ཞང་གིས་འགོ་རྩོམ་མཛད་སྒོ་དང་བརྗོད་སྙིང་གླེང་སྟེགས་ལ་འགོ་མཛིན་བྱས། ལིའོ་ཉིན་ཞིང་ཆེན་གྱི་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྒྱུན་ལས་ཧྲིན་ཀྲང་གཞོན་པ་ཁྲིན་ཞང་ཆུན། ཉིན་ཞ་ཧོས་རིགས་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཝུའུ་ཞིག་ཀྲང་། རྒྱལ་ཁབ་ནུས་ཁུངས་ཅུའུ་ཡི་སྔོན་ཆད་ཀྱི་ཅུའུ་ཀྲང་གཞོན་པ་ཀྲང་ཡུས་ཆེན། མཚོ་སྔོན་ཞིང་ཆེན་གྱི་འགོ་ཁྲིད་ཁྲིན་རུའེ་ཧྥིན་དང་ཀྲང་ཀོང་རོང་། ཁོང་ཡུང་། ཝང་ལིས་མེན། ཀྲང་ལིས་བཅས་གླེང་སྟེགས་ལ་ཞུགས།

ལོ་ཙཱ་བ། རིན་ཆེན་མཚོ།