སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀོང་ཏུང་དུ་རྟོག་ཞིབ་མཛད་སྐབས་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་དུས་རབས་གསར་བར་འབད་འཐབ་མདུན་སྐྱོད་བྱེད་དགོས་པའི་སྐུལ་མ་བཏང་།
2020.10.17 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 29

ཉེ་སྔོན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀོང་ཏུང་དུ་རྟོག་ཞིབ་མཛད། ཁོང་རིག་དངོས་སྲུང་སྐྱོབ་ལས་ཁུངས་དང་ལོ་རྒྱུས་རིག་གནས་སྲང་ལམ། ཁེ་ལས་སོགས་སུ་ཕེབས་ཏེ། རྒྱུན་རྣམ་ཅན་གྱི་རིམས་འགོག་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་བྱ་བར་སྐུལ་འདེད་གཏོང་བ་དང་། བཅོས་སྒྱུར་སྒོ་འབྱེད་གཏིང་ཟབ་ཏུ་སྤེལ་བ། ལོ་ལྔའི་འཆར་གཞི་བཅུ་བཞི་བའི་སྐབས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་འཆར་འགོད་བྱེད་པ་སོགས་ལ་རྟོག་ཞིབ་མཛད། སྤྱི་ཁྱབ་ཧྲུའུ་ཅི་ཕེབས་པས་ཀོང་ཏུང་གི་ལས་བྱེད་པ་དང་མང་ཚོགས་ལ་སྐུལ་ལྕག་ཟབ་མོ་ཐེབས་ཡོད། ཚང་མས་བསྟན་དོན། ངེས་པར་དུ་བཀའ་གསུང་ཡིད་ལ་དམ་པོར་འཛིན་པ་དང་། སྔར་ལས་ལྷག་པའི་སྒོ་ནས་བསམ་བློ་བཅིངས་འགྲོལ་དང་བློ་སྤོབས་ཆེན་པོས་གསར་གཏོད། དངོས་གཉེར་བདེན་འཚོལ། འབད་འཐབ་ཡར་བརྩོན་བཅས་བྱས་ཏེ། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་ཀྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་བརྒྱུད་རིམ་ཁྲོད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་བགྲོད་པ་དང་། འོད་སྟོང་འབར་བའི་གྲུབ་འབྲས་གསར་བ་བསྐྲུན་དགོས་ཟེར། 

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྟོག་ཞིབ་མཛད་པའི་ས་ཚིགས་དང་པོ་ཀོང་ཏུང་ཤར་ངོས་ཀྱི་རྒྱལ་ཁབ་ལོ་རྒྱུས་རིག་གནས་ཀྱི་མིང་གྲགས་ཆེ་བའི་མཁར་གྲོང་ཁྲའོ་ཀྲོའུ་རེད། ཁྲའོ་ཀྲོའུ་གནའ་མཁར་གྱི་ཤར་སྒོའི་ཕྱི་རོལ་གྱི་ཀོང་ཅི་ཐོག་ཁང་སྟེང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གཟུགས་འདས་ཤུལ་བཞག་ལས་གཞིའི་རྒྱུན་འཛིན་པའི་འཐུས་མིའི་ཡུལ་དངོས་ཀྱི་སྒྲིག་བཟོའི་འཁྲབ་སྟོན་ལ་གཟིགས། 

ཕའེ་ཧྥང་སྲང་ལམ་དེ་ཁྲའོ་ཀྲོའུ་གནའ་མཁར་གྱི་རིག་གནས་གནས་སྐོར་ཁྱད་ལྡན་ས་ཁུལ་གྱི་དཀྱིལ་གཞུང་དུ་ཆགས་ཡོད་པ་དང་། ཁྲའོ་ཀྲོའུ་ཡི་རིག་གནས་མཚོན་རྟགས་ཤིག་ཡིན། སྤྱི་ཁྱབ་ཧྲུའུ་ཅི་སྲང་ལམ་འགྲམ་གྱི་ཚོང་ཁང་དུ་ཕེབས་ཏེ། ཁོ་ཚོས་ཚོང་གཉེར་སླར་གསོ་བྱེད་པའི་གནས་ཚུལ་དང་ཐོན་སྐྱེད་འཚོ་བར་དཀའ་ཁག་ཅི་འདྲ་ཡོད་པ་སོགས་ཞིབ་ཏུ་དྲིས། 

ལོ་རྒྱུས་རིག་གནས་ནི་གྲོང་ཁྱེར་གྱི་སྲོག་རྩ་ཡིན། ཉེ་བའི་ལོ་འགའི་རིང་ལ། ཁྲའོ་ཀྲོའུ་ཡིས་རིག་དངོས་སྲུང་སྐྱོབ་ལས་ཁུངས་ཀྱི་སྙན་གྲགས་བེད་སྤྱོད་བྱེད་པར་འཚོལ་ཞིབ་བྱས་ཏེ། མཉམ་འཛུགས་དང་མཉམ་བཅོས། མཉམ་སྤྱོད་བཅས་ཀྱི་འཕེལ་རྒྱས་རྣམ་པ་ལག་བསྟར་བྱས་ནས། རིག་དངོས་སྲུང་སྐྱོབ་དང་གཟུགས་འདས་ཤུལ་བཞག་གི་རྒྱུན་འཛིན། རིག་གནས་གནས་སྐོར་འཕེལ་རྒྱས་ཀྱི་གྲུབ་འབྲས་བཅས་ལས་མི་དམངས་ལ་ཕན་ཐོགས་པར་བྱས། སྤྱི་ཁྱབ་ཧྲུའུ་ཅི་གནས་དེར་ཕེབས་ནས་ས་དེས་མཁར་རྙིང་ལེགས་བཅོས་དང་མཁར་གསར་གསར་སྤེལ་བྱེད་པའི་བརྒྱུད་རིམ་ཁྲོད་དུ། གྲོང་ཁྱེར་གྱི་ལོ་རྒྱུས་རིག་གནས་ཤུལ་བཞག་ལ་སྲུང་སྐྱོབ་གང་ལེགས་བྱས་ཏེ་གྲོང་ཁྱེར་གྱི་རིག་གནས་སྲོག་རྩ་སྲུང་འཛིན་བྱེད་དགོས་པའི་བླང་བྱ་བཏོན། 

ཧྲན་ཐིའུ་དཔལ་འབྱོར་དམིགས་བསལ་ས་ཁུལ་ནི་བཅོས་སྒྱུར་སྒོ་འབྱེད་བྱས་རྗེས་སུ་ཆེས་ཐོག་མར་བཙུགས་པའི་དཔལ་འབྱོར་དམིགས་བསལ་ས་ཁུལ་ཞིག་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧྲན་ཐིའུ་ཡིས་བརྟག་དཔྱད་ཞིབ་འཇུག་ཟབ་མོ་བྱེད་པ་དང་། ནན་ཏན་གྱིས་ཐུགས་བསམ་བབཏང་ནས་འཆར་འགོད་བྱེད་པ། ཁྱད་སྟོབས་འདོན་སྤེལ་དང་ཞན་ཆ་ཡོ་བསྲང་བྱས་ཏེ། བློ་སྤོབས་སྔར་ལས་ཆེ་བ་དང་སྔར་ལས་མཐོ་བའི་གནས་སུ་བཅོས་སྒྱུར་སྒོ་འབྱེད་ལ་ཡར་སྐུལ་གཏོང་དགོས་པའི་རེ་བ་བཏོན། 


ལོ་ཙཱ་བ། བསོད་ནམས་ཚེ་རིང་།