ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་ཚེས་བཅུ་དྲུག་ཉིན་གྲོས་ཚོགས་བསྡུས་ཏེ། ཁྲིན་ཏུའུ་དང་ཁྲོང་ཆིན་ས་ཁུལ་གྱི་མཁར་གྲོང་ཟུང་གི་དཔལ་འབྱོར་ར་བའི་འཛུགས་སྐྲུན་འཆར་འགོད་རྩ་གནད་ལ་གྲོས་ཞིབ་བྱས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གྲོས་ཚོགས་ལ་འགོ་འཛིན་མཛད།
གྲོས་ཚོགས་ནས་བསྟན་དོན། མིག་སྔར་རང་རྒྱལ་འཕེལ་རྒྱས་ཀྱི་རྒྱལ་ནང་དང་རྒྱལ་སྤྱིའི་ཁོར་ཡུག་ལ་མུ་མཐུད་དུ་འགྱུར་ལྡོག་ཆེན་པོ་འབྱུང་བཞིན་ཡོད་ཅིང་། ཁྲིན་ཏུའུ་དང་ཁྲོང་ཆིན་ས་ཁུལ་གྱི་མཁར་གྲོང་ཟུང་གི་དཔལ་འབྱོར་ར་བའི་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ན་གནས་བབ་ཀྱི་ཁྱད་སྟོབས་གསབ་པ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ས་ཁོངས་དཔལ་འབྱོར་གནས་བབ་ཆགས་པར་ཕན་པ་དང་། ཚོང་རའི་བར་སྟོང་རྒྱ་སྐྱེད་དང་ཐོན་ལས་མུ་འབྲེལ་ཅན་གྱི་མཁོ་འདོན་ལེགས་སྒྱུར་དང་གཏན་འཇགས་ཡོང་བར་ཕན་ཐོགས་ཡོད། རྒྱལ་ནང་གི་འཁོར་སྐྱོད་ཆེན་མོ་གཙོ་བྱས་ཤིང་རྒྱལ་ནང་དང་རྒྱལ་སྤྱིའི་འཁོར་སྐྱོད་ཟུང་གིས་ཕན་ཚུན་སྐུལ་འདེད་གཏོང་བའི་འཕེལ་རྒྱས་ཀྱི་གརྣམ་པ་གསར་བ་འཛུགས་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན་ཟེར།
གྲོས་ཚོགས་ནས་ནན་གྱིས་བསྟན་དོན། ཕྱོགས་ཡོངས་ནས་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དངོས་འབེབ་བྱེད་དགོས་ན། ཁྲོང་ཆིན་དང་ཁྲིན་ཏུའུ་མཁར་གྲོང་གཉིས་སྙིང་བོར་བྱས་པའི་རོགས་ལས་སྐུལ་ཁྲིད་འབུར་དུ་ཐོན་པ་དང་། གཙོ་བོ་ས་ཁོངས་ཀྱི་ཁྱད་སྟོབས་དང་ཁྱད་ཆོས་མངོན་པར་བྱས་ཏེ། ཁྲིན་ཏུའུ་དང་ཁྲོང་ཆིན་ས་ཁུལ་དེ་རྒྱལ་ཡོངས་སུ་ཤུགས་རྐྱེན་ཆེ་བའི་དཔལ་འབྱོར་ལྟེ་གནས་དང་ཚན་རྩལ་གསར་གཏོད་ལྟེ་གནས། བཅོས་སྒྱུར་སྒོ་འབྱེད་ཀྱི་གནས་གསར་བ། སྤུས་ཚད་མཐོ་བའི་འཚོ་སྡོད་ས་ཁུལ་བཅས་སུ་འགྱུར་བར་བྱས་ནས། རྒྱལ་ཡོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཕར་གནས་གལ་ཆེན་དང་སྒུལ་ཤུགས་ཐོན་ཁུངས་གསར་བར་གསར་སྐྲུན་བྱེད་དགོས།
གྲོས་ཚོགས་ནས་ནས་ཁྲིན་ཏུའུ་དང་ཁྲོང་ཆིན་ས་ཁུལ་གྱིས་གཞི་གཅིག་ཅན་གྱི་འཕེལ་རྒྱས་འདུ་ཤེས་སྲ་བརྟན་དུ་འཛུགས་པ་དང་། མཉམ་ལས་རྐྱེན་སྲོལ་འཐུས་ཚང་དུ་བཙུགས་ནས་ས་ཁོངས་རོགས་ལས་ཀྱི་ཆུ་ཚད་མཐོ་བའི་མིག་དཔེ་བསྐྲུན་དགོས་པའི་རེ་བ་བཏོན།
གྲོས་ཚོགས་ནས་ད་རུང་གནད་དོན་གཞན་པར་ཞིབ་འཇུག་བྱས།
ལོ་ཙཱ་བ། བསོད་ནམས་ཚེ་རིང་།