ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཐུན་མོང་སློབ་སྦྱོང་ཐེངས་ཉེར་བཞི་པའི་སྟེང་ནས་གསུང་བཤད་གལ་ཆེན་གནང་།
2020.10.18 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 27

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་ཟླ་བཅུ་བའི་ཚེས་བཅུ་དྲུག་ཉིན་གྱི་ཕྱི་དྲོར། ཚད་རྡུལ་ཚན་རྩལ་ཞིབ་འཇུག་དང་བཀོལ་སྤྱོད་ཀྱི་མདུན་ལྗོངས་ཐད་ནས་ཐུན་མོང་གི་སློབ་སྦྱོང་ཐེངས་ཉེར་བཞི་པ་བྱས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སློབ་སྦྱོང་ལ་འགོ་འཛིན་མཛད་སྐབས་ནན་གྱིས་བསྟན་དོན། དེང་གི་འཛམ་གླིང་ལ་ལོ་བརྒྱའི་རིང་བྱུང་མ་མྱོང་བའི་འགྱུར་ལྡོག་ཆེན་པོ་འབྱུང་བཞིན་ཡོད་པ་དང་། ཚན་རྩལ་གསར་གཏོད་ནི་དེའི་ནང་གི་འགག་རྩའི་འགྱུར་ལྡོག་ཅིག་ཡིན། ང་ཚོས་ཉམས་ཉེན་གྱི་ཁྲོད་ནས་གོ་སྐབས་སྔོན་ལ་འཛིན་དགོས་པ་དང་། གནས་ཚུལ་གྱི་འགྱུར་ལྡོག་ཁྲོད་ནས་གནས་ཚུལ་གསར་པ་འཚོལ་དགོས། ངེས་པར་དུ་ཚན་རྩལ་གསར་གཏོད་ལ་བརྟེན་ནས་དཀའ་གནད་སེལ་དགོས། ཚད་རྡུལ་ཚན་རྩལ་གོང་དུ་འཕེལ་བར་སྐུལ་འདེད་གཏོང་བའི་གལ་ཆེའི་རང་བཞིན་དང་དགོས་གལ་ཆེ་བའི་རང་བཞིན་ལ་ངོས་འཛིན་གང་ལེགས་བྱས་ཏེ། ཚད་རྡུལ་ཚན་རྩལ་འཕེལ་རྒྱས་གཏོང་བའི་འཐབ་ཇུས་ཇུས་འགོད་དང་མ་ལག་བཀོད་པའི་བྱེད་ཤུགས་ཆེ་རུ་གཏོང་བ་དང་འཕེལ་ཕྱོགས་ཆེན་པོ་ཁོང་དུ་ཆུད་པར་བྱེད་པ་ལ། ཅིས་ཀྱང་སྔོན་ལ་ཇུས་གཞི་ཡག་པོ་བཟོ་དགོས་ཟེར།

ཆིན་ཧྭ་སློབ་ཆེན་གྱི་སློབ་གཙོ་གཞོན་པ་དང་ཀྲུང་གོ་ཚན་རིག་གླིང་གི་ཡོན་ཧྲི་ཞུའེ་ཆི་ཁུན་གྱིས་གནད་དོན་དེའི་སྐོར་ནས་འགྲེལ་བཤད་བྱས་ནས། བསམ་འཆར་དང་གྲོས་འགོ་བཏོན།

ཞི་ཅིན་ཕིང་གིས་སློབ་སྦྱོང་བྱ་བར་འགོ་འཛིན་མཛད་སྐབས་གསུང་བཤད་གནང་ནས་བསྟན་དོན། ཉེ་བའི་ལོ་ཤས་རིང་ཚད་རྡུལ་ཚན་རྩལ་བྱ་འཕུར་བ་ལྟར་འཕེལ་རྒྱས་ཕྱིན་ནས་རེས་སྐོར་གསར་པའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་འཕོ་འགྱུར་གྱི་མདུན་གྲལ་ཁྱབ་ཁོངས་སུ་གྱུར་ཡོད། ཚད་རྡུལ་ཚན་རྩལ་མྱུར་དུ་འཕེལ་རྒྱས་གཏོང་རྒྱུ་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། རྒྱལ་ཁབ་ཀྱི་བདེ་འཇགས་ལ་འགན་ལེན་བྱེད་པར་ནུས་པ་ཧ་ཅང་གལ་ཆེན་ལྡན་ཡོད། ཐེངས་འདིའི་ཐུན་མོང་གི་སློབ་སྦྱོང་བཀོད་སྒྲིག་བྱེད་པའི་དམིགས་ཡུལ་ནི་འཛམ་གླིང་གི་ཚད་རྡུལ་ཚན་རྩལ་འཕེལ་རྒྱས་ཀྱི་གནས་བབ་ལ་རྒྱུས་ལོན་བྱེད་ཆེད་ཡིན། རང་རྒྱལ་གྱི་ཚད་རྡུལ་ཚན་རྩལ་འཕེལ་རྒྱས་ཀྱི་གནས་བབ་ལ་དབྱེ་ཞིབ་བྱས་ཏེ། རང་རྒྱལ་གྱི་ཚད་རྡུལ་ཚན་རྩལ་འཕེལ་རྒྱས་ལ་སྔར་ལས་སྐུལ་འདེད་གཏོང་དགོས་ཟེར།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཚད་རྡུལ་ཤུགས་རིག་པ་ནི་མིའི་རིགས་ཀྱིས་ཕྲ་མཐོང་འཇིག་རྟེན་ལ་འཚོལ་ཞིབ་བྱས་པའི་གྲུབ་འབྲས་གལ་ཆེན་ཞིག་ཡིན་པས། ཚད་རྡུལ་ཚན་རྩལ་འཕེལ་རྒྱས་གཏོང་བར་ཚན་རིག་གི་དོན་སྙིང་དང་འཐབ་ཇུས་ཀྱི་རིན་ཐང་གལ་ཆེན་ལྡན། དེ་ནི་སྲོལ་རྒྱུན་གྱི་ལག་རྩལ་མ་ལག་བསྐྱར་སྒྲིག་བྱེད་པའི་རྩ་སློག་རང་བཞིན་གྱི་ལག་རྩལ་གསར་གཏོད་གལ་ཆེན་ཞིག་ཡིན་པས། དེས་རེས་སྐོར་གསར་པའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་འཕོ་འགྱུར་གྱི་ཁ་ཕྱོགས་ལ་སྣེ་ཁྲིད་བྱ་རྒྱུ་རེད། རང་རྒྱལ་གྱི་ཚན་རྩལ་ལས་གཉེར་པས་ཚད་རྡུལ་ཚན་རྩལ་ཐད་མྱུར་དུ་འཚོལ་སྙེག་བྱས་ཏེ། རྒྱལ་སྤྱིའི་ཐོག་ཤུགས་རྐྱེན་ལྡན་པའི་གསར་གཏོད་གྲུབ་འབྲས་གལ་ཆེན་ཁག་ཅིག་ཐོབ་ཡོད། སྤྱིའི་ཆ་ནས་བལྟས་ན། རང་རྒྱལ་ལ་ཚད་རྡུལ་ཚན་རྩལ་ཁྱབ་ཁོངས་ཀྱི་ཚན་རྩལ་དངོས་ཤུགས་དང་གསར་གཏོད་ནུས་པ་ངེས་ཅན་འཛོམས་ལ། དེ་དང་ཆབས་ཅིག་རང་རྒྱལ་གྱི་ཚད་རྡུལ་ཚན་རྩལ་འཕེལ་རྒྱས་ཐད་ཞན་ཆ་མི་ཉུང་བ་ཡོད་ཅིང་འཕེལ་རྒྱས་ཐད་འགྲན་སློང་མང་པོར་འཕྲད་ཡོད། ང་ཚོས་ངེས་པར་དུ་བློ་བརྟན་འགྱུར་མེད་ཀྱིས་རང་བརྟེན་གསར་གཏོད་ཀྱི་བགྲོད་ལམ་དུ་བསྐྱོད་པ་དང་། ཡིད་ཆེས་བརྟན་པོ་དང་དཀའ་སྤྱད་སྙིང་རུས་ཀྱིས་ལས་ཀ་སྒྲུབ་པ། འགག་རྩའི་ལྟེ་གནད་ལག་རྩལ་མཁྲེགས་གཏོར་བྱས་ཏེ་འགག་རྩའི་ཁྱབ་ཁོངས་སུ་རང་བརྟེན་ཚོད་འཛིན་ཐུབ་པར་བྱེད་དགོས། ཐོན་ལས་སྦྲེལ་ཐག་དང་མཁོ་འདོན་སྦྲེལ་ཐག་གི་བདེ་འཇགས་ལ་འགན་ལེན་བྱས་ནས། རང་རྒྱལ་གྱི་ཚན་རྩལ་གྱིས་རྒྱལ་སྤྱིའི་ཉེན་ཁ་དང་འགྲན་སློང་ལ་ཁ་གཏད་འཇལ་བའི་ནུས་པ་ཆེ་རུ་གཏོང་དགོས་ཟེར།

ལོ་ཙཱ་བ། བན་དེ་སྐྱབས།