ཝང་དབྱང་གིས་རྒྱལ་ཡོངས་ཀྱི་དབུལ་ཐར་མཁྲེགས་གཏོར་བྱ་དགའ་ཐོབ་མཁན་ལ་མཇལ་འཕྲད་གནང་།
2020.10.18 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 14

ཟླ་བཅུ་བའི་ཚེས་བཅུ་བདུན་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་པེ་ཅིན་ནས་རྒྱལ་ཡོངས་ཀྱི་དབུལ་ཐར་མཁྲེགས་གཏོར་བྱ་དགའ་ཐོབ་མཁན་ལ་མཇལ་འཕྲད་གནང་། ཁོང་གིས་ཐོག་མར་བྱ་དགའ་ཐོབ་པའི་སྔོན་ཐོན་ཐུན་མོང་དང་སྔོན་ཐོན་མི་སྒེར་ལ་རྟེན་འབྲེལ་ཞུས་པ་དང་། དབུལ་ཐར་མཁྲེགས་གཏོར་གྱི་འཐབ་ཕྱོགས་དང་པོ་རུ་འབད་འཐབ་བྱེད་བཞིན་པའི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ལ་གུས་འདུད་ཞུས། ཁོང་གིས་བསྟན་དོན། ད་ལོར། པྲོག་གསར་གློ་ཚད་རིམས་ནད་ཀྱིས་གནོད་པ་ཚབས་ཆེན་བཟོས་ནའང་། དབུལ་ཐར་མཁྲེགས་གཏོར་བྱ་བ་སྔར་ལས་བཟང་བོར་བསྒྲུབས་ནས་རྒྱལ་ཁ་ཆེན་པོ་བླངས་པ་དེ་གཞི་རྩའི་ཐད་ནས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་སྟོབས་ལྡན་འགོ་ཁྲིད་ལ་ཐུག་ཡོད་ལ། ས་གནས་སོ་སོ་དང་ལས་ཁུངས་སོ་སོས་དཀའ་སྤྱད་འབད་འཐབ་བྱེད་པར་ཐུག་ཡོད་པ་དང་། རྒྱ་ཆེའི་དབུལ་སྐྱོར་བྱ་བ་སྒྲུབ་མཁན་གྱིས་འབད་བརྩོན་ལྷོད་མེད་བྱེད་པར་ཐུག་ཡོད། དེ་ལས་རང་རྒྱལ་གྱི་ཆབ་སྲིད་ཁྱད་སྟོབས་དང་ལམ་ལུགས་ཁྱད་སྟོབས་མངོན་པར་བྱས་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཉེ་ལམ་དབུལ་ཐར་མཁྲེགས་གཏོར་བྱ་བའི་ཐད་གནང་བའི་མཛུབ་སྟོན་གལ་ཆེན་ལ་ནན་ཏན་སྒོས་སློབ་སྦྱོང་དང་དེ་ལག་བསྟར་བཟང་བོ་བྱས་ཏེ། དུས་དང་རྣམ་པ་ཀུན་ཏུ་སྟོབས་ཤུགས་ཡོད་རྒུ་བཏོན་ནས་དབུལ་ཐར་མཁྲེགས་གཏོར་བྱེད་པའི་ལས་འགན་དང་དམིགས་འབེན་ཡོངས་འགྲུབ་བྱེད་པར་འགན་སྲུང་བྱེད་དགོས་ཟེར། ཝང་དབྱང་གིས་སྤྱི་ཚོགས་ཀྱི་ལས་རིགས་སོ་སོས་བྱ་དགའ་ཐོབ་མཁན་གྱི་སྔོན་ཐོན་བྱས་རྗེས་ལ་སློབ་སྦྱོང་བྱེད་པ་དང་ཁོ་ཚོ་མིག་དཔེ་བྱས་ཏེ། དབུལ་ཐར་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་། ཞང་སྡེ་དར་སྤེལ་མངོན་འགྱུར་བྱེད་པ། རིམ་བཞིན་མཉམ་དུ་ཕྱུག་པོར་འགྱུར་བའི་ཐད་ལ་བྱས་རྗེས་ཆེན་པོ་འཇོག་དགོས་པའི་རེ་འབོད་བཏོན།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གསར་སྤེལ་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཧུའུ་ཁྲུན་ཧྭ་མཇལ་འཕྲད་ལ་ཞུགས།

ལོ་ཙཱ་བ། བཀྲ་ཤིས་འབུམ།