རྒྱལ་ཡོངས་ཀྱི་དབུལ་ཐར་མཁྲེགས་གཏོར་བྱ་དགའི་གཟེངས་བསྟོད་ཚོགས་ཆེན་དང་སྔོན་ཐོན་བྱས་རྗེས་སྙན་ཞུའི་ཚོགས་འདུ་པེ་ཅིང་དུ་ཚོགས།
2020.10.18 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 39

རྒྱལ་ཡོངས་ཀྱི་དབུལ་ཐར་མཁྲེགས་གཏོར་བྱ་དགའི་གཟེངས་བསྟོད་ཚོགས་ཆེན་དང་སྔོན་ཐོན་བྱས་རྗེས་སྙན་ཞུའི་ཚོགས་འདུ་ཚེས་བཅུ་བདུན་ཉིན་གྱི་སྔ་དྲོ་པེ་ཅིང་དུ་ཚོགས་པ་དང་། ཚོགས་ཐོག་ནས་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་ལིས་ཁི་ཆང་གི་མཆན་བཀོད་མཛུབ་སྟོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གསར་སྤེལ་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཧུའུ་ཁྲུན་ཧྭ་ཚོགས་འདུར་ཕེབས་པར་མ་ཟད་གཏམ་བཤད་གནང་སྐབས་ནན་གྱིས་བསྟན་དོན། སྤོབས་པ་ཆེན་པོས་མཁྲེགས་གཏོར་གྱི་སྙིང་སྟོབས་རྒྱུན་འཁྱོངས་བྱེད་དགོས། སྤུས་ཚད་མཐོ་བའི་སྒོ་ནས་དབུལ་ཐར་མཁྲེགས་གཏོར་གྱི་དམིགས་ཚད་ལས་འགན་ཕྱོགས་ཡོངས་ནས་ལེགས་སྒྲུབ་ཐུབ་པར་འགན་ལེན་བྱས་ཏེ། ངལ་རྩོལ་པ་དབུལ་པོའི་ལས་གནས་བརྟན་པོ་དང་ལས་ཞུགས་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོར་སྒྲུབ་དགོས། དབུལ་སྐྱོར་ཐོན་རྫས་ཕྱིར་འཚོང་གི་གནད་དོན་ཐག་གཅོད་ཡག་པོ་བྱ་རྒྱུར་ཤུགས་སྣོན་དགོས། དབུལ་ཐར་གྲུབ་འབྲས་སྲ་བརྟན་དུ་བཏང་ནས་དབུལ་པོར་བསྐྱར་ལོག་བྱ་རྒྱུར་སྔོན་འགོག་བྱེད་དགོས། དབུལ་སྐྱོར་ཐོན་ལས་འཕེལ་རྒྱས་དང་སྟོབས་ཆེར་གཏོང་རྒྱུར་མུ་མཐུད་སྐུལ་འདེད་གཏོང་བ་དང་། ཡུལ་གཞན་གནས་སྤོར་དབུལ་སྐྱོར་གྱི་རྗེས་མཐུད་རོགས་སྐྱོར་ལ་ཤུགས་སྣོན་པ། དབུལ་པོར་བསྐྱར་ལོག་སྔོན་འགོག་གི་ལྟ་ཞིབ་ཚད་ལེན་དང་རོགས་སྐྱོར་ལམ་སྲོལ་སྔར་ལས་འཐུས་ཚང་དུ་གཏོང་བ་བཅས་བྱེད་དགོས། མཁྲེགས་གཏོར་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་རྒྱུ་དེ་གྲོང་གསེབ་དར་རྒྱས་དང་འབྲེལ་མཐུད་ནུས་ལྡན་བྱེད་པའི་ལས་དོན་ཡག་པོར་སྒྲུབ་དགོས། བར་བརྒལ་དུས་སྐབས་ནང་གི་སྲིད་ཇུས་ཁག་བརྟན་པོའི་ངང་བར་བརྒལ་ཐུབ་པར་འགན་ལེན་བྱས་ནས། དབུལ་ཞྭ་ཕུད་པའི་ས་ཁུལ་དང་གྲོང་གསེབ་དར་རྒྱས་ཡོང་བར་རྒྱུན་མཐུད་ངང་སྐུལ་འདེད་གཏོང་དགོས། བྱ་དགའ་ཐོབ་མཁན་གྱིས་མཚན་སྙན་ལ་གཅེས་སྤྲས་དང་འགན་འཁྲི་འཁུར་ཕོད་པ། མིག་དཔེ་བཟང་པོ་སྟོན་པ། ཡང་བསྐྱར་བྱས་རྗེས་གསར་བ་འཇོག་པ་བཅས་བྱེད་དགོས་ཟེར།

ལོ་ཙཱ་བ། བན་དེ་སྐྱབས།