ཞི་ཅིན་ཕིང་དང་ལིས་ཁི་ཆང་གིས་དབུལ་ཐར་མཁྲེགས་གཏོར་ལས་དོན་ཐད་མཛུབ་སྟོན་གལ་ཆེན་གནང་།
2020.10.18 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 74

རྒྱལ་ཁབ་ཀྱི་དབུལ་སྐྱོར་ཉིན་མོ་བདུན་པ་སླེབས་པའི་སྐབས་སུ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་དབུལ་ཐར་མཁྲེགས་གཏོར་ལས་དོན་ཐད་མཛུབ་སྟོན་གལ་ཆེན་གནང་ནས་ནན་གྱིས་བསྟན་དོན། ཉིས་སྟོང་ཉི་ཤུ་ལོ་ནི་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་ལེན་པ་དང་དབུལ་ཐར་མཁྲེགས་གཏོར་གྱི་དམག་འཐབ་རྒྱག་པའི་ལོ་ཞིག་ཡིན། པྲོག་གསར་གློ་ཚད་དང་། ཆུ་ལོག་དང་ཞོད་སྐྱོན་གྱི་གནོད་འཚེ་ཚབས་ཆེན་གྱི་ཉམས་སད་ལ་ཁ་གཏད་འཇལ་བར། ཏང་ཀྲུང་དབྱང་གིས་དབུལ་ཐར་མཁྲེགས་གཏོར་གྱི་དམིགས་ཚད་དུས་བཀག་ལྟར་ལེགས་འགྲུབ་བྱེད་པའི་ཆོད་སེམས་ལ་གཡོ་འགུལ་མི་གཏོང་བར། ཏང་ཡོངས་དང་སྤྱི་ཚོགས་ཡོངས་ཀྱིས་ཕྱར་བ་གྲུ་འདེགས་ངང་དམ་པ་དོན་གཉེར་བྱེད་དགོས། དབུལ་ཕོངས་ས་ཁུལ་གྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཞུམ་མེད་འབད་འཐབ་དང་མཁྲེགས་གཏོར་དཀའ་སེལ་བྱས་པས། དབུལ་ཐར་མཁྲེགས་གཏོར་ལ་ཐག་གཅོད་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད། ད་ལྟ་དབུལ་ཐར་མཁྲེགས་གཏོར་གྱི་ལས་རིམ་འདི་ཉིད་མཇུག་མཐའི་དུས་མཚམས་སུ་སླེབས་ཡོད་པས། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་ངེས་པར་དུ་མཁྲེགས་གཏོར་གྱི་འཕེལ་ཕྱོགས་རྒྱུན་འཁྱོངས་དང་མགོ་ཡོད་མཇུག་ཡོད་བྱེད་དགོས། ལས་མཁས་འགྲུབ་མཁས་དང་རྒྱལ་ཁ་ཡོངས་སུ་མ་ཐོབ་ན་འཐབ་མཚམས་གཏན་ནས་འཇོག་མི་རུང་ཟེར།

ཞི་ཅིན་ཕིང་གིས་བསྟན་དོན། ས་གནས་དང་སྡེ་ཁག་སོ་སོས་དབུལ་ཐར་མཁྲེགས་གཏོར་གྱི་ཉམས་མྱོང་ཕྱོགས་སྡོམ་བྱེད་དགོས། དབུལ་ཐར་མཁྲེགས་གཏོར་གྱི་སྒྲིག་སྲོལ་དང་ལམ་སྲོལ་གྱི་ནུས་པ་འདོན་སྤེལ་བྱེད་པ་དང་། མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་རྒྱུ་དེ་གྲོང་གསེབ་དར་རྒྱས་དང་འབྲེལ་མཐུད་ནུས་ལྡན་ཡོང་བར་མུ་མཐུད་སྐུལ་འདེད་གཏོང་དགོས། དབུལ་ཐར་མཁྲེགས་གཏོར་གྱི་སྲིད་ཇུས་སྤྱིའི་ཆ་ནས་བརྟན་པོ་ཡོང་བར་བྱས་ནས་ཐབས་མང་མཉམ་སྤྱོད་ཀྱིས་དབུལ་ཐར་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་དགོས་ལ། དབུལ་ཕོངས་ས་ཁུལ་གྱི་དབུལ་ཕོངས་མི་འབོར་གྱི་ནང་གནས་སྒུལ་ཤུགས་སྐུལ་སློང་བྱེད་དགོས། ངལ་རྩོལ་བྱེད་ནུས་ཡོད་པའི་ཡོང་འབབ་དམའ་བའི་མི་འབོར་གྱིས་ལས་བརྩོན་ཕྱུག་སྒྱུར་བྱེད་པར་སྐུལ་མ་གཏོང་བ་དང་། མི་དམངས་ཡོངས་ཐུན་མོང་ཐོག་ཕྱུག་པོར་འགྱུར་བའི་དམིགས་འབེན་རིམ་བཞིན་མངོན་འགྱུར་བྱེད་པའི་ཕྱོགས་སུ་མུ་མཐུད་མདུན་སྐྱོད་བྱེད་དགོས་ཟེར།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཀྱང་དབུལ་ཐར་མཁྲེགས་གཏོར་ཐད་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་ནས། ས་གནས་དང་སྡེ་ཁག་སོ་སོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་ནན་ཏན། ད་ཡོད་ཀྱི་རོགས་སྐྱོར་སྲིད་ཇུས་སྤྱིའི་ཆ་ནས་བརྟན་པོ་ཡོང་བ་རྒྱུན་འཁྱོངས་ལྷོད་མེད་བཅས་བྱེད་དགོས། དམག་འཐབ་ལ་ལྟ་སྐུལ་བྱས་ནས་ཧ་ཅང་དབུལ་ཕོངས་ཡིན་པའི་རྣམ་པ་བསྒྱུར་བ་དང་། ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་ལ་སྐུལ་ཁྲིད་བྱེད་དགོས། གནས་སྤོར་དབུལ་སྐྱོར་གྱི་རྗེས་མཐུད་རོགས་སྐྱོར་ལ་ཤུགས་སྣོན་པ་དང་། དབུལ་ཕོངས་ངལ་རྩོལ་ནུས་ཤུགས་ཀྱི་ལས་གནས་བརྟན་པོ་དང་ལས་ཞུགས་ཡག་པོ་ཡོང་བར་བྱེད་དགོས། དབུལ་པོར་བསྐྱར་འགྱུར་དང་དབུལ་པོར་འགྱུར་བའི་ཉེན་ཡོད་མི་འབོར་ལ་དམིགས་སའི་རང་བཞིན་གྱི་རོགས་སྐྱོར་བྱ་རྒྱུར་སྔོན་ནས་ཤུགས་བསྣན་ཏེ། སྤུས་ཚད་མཐོ་བའི་དབུལ་ཐར་མཁྲེགས་གཏོར་གྱི་དམིགས་ཚད་ལས་འགན་དུས་བཀག་ལྟར་ལེགས་འགྲུབ་ཐུབ་པར་འགན་ལེན་བྱེད་དགོས། དབུལ་ཐར་མཁྲེགས་གཏོར་དང་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་དང་སྦྲེལ་མཐུད་དམ་ཚགས་ལེགས་པོ་བྱེད་པ། དབུལ་ཞྭ་ཕུད་པའི་ས་ཁུལ་དང་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་འགྲོ་རྒྱུར་རྒྱུན་མཐུད་ངང་སྐུལ་འདེད་ཧུར་ཐག་བཏང་བ་བརྒྱུད་དེ། མི་དམངས་མང་ཚོགས་ཀྱི་བདེ་སྐྱིད་ཆེ་རུ་གཏོང་བ་དང་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་སྔར་ལས་ཆེན་པོ་འབུལ་དགོས་ཟེར།

ལོ་ཙཱ་བ། བན་དེ་སྐྱབས།