ལིས་ཀྲན་ཧྲུའུ་གསེར་གྱོམ་རྒྱལ་ཁབ་ཀྱི་གྲོས་ཁང་གླེང་སྟེགས་སྐབས་དྲུག་པའི་བརྙན་རིས་གྲོས་ཚོགས་ལ་ཞུགས་པར་མ་ཟད་གསུང་བཤད་གནང་།
2020.10.28 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 123


ཟླ་བཅུ་བའི་ཚེས་ཉེར་བདུན་ཉིན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཚོགས་པའི་གསེར་གྱོམ་རྒྱལ་ཁབ་ཀྱི་གྲོས་ཁང་གླེང་སྟེགས་སྐབས་དྲུག་པའི་བརྙན་རིས་གྲོས་ཚོགས་ལ་ཞུགས་པར་མ་ཟད་གསུང་བཤད་གནང་།


ཟླ་བཅུ་བའི་ཚེས་ཉེར་བདུན་ཉིན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཚོགས་པའི་གསེར་གྱོམ་རྒྱལ་ཁབ་ཀྱི་གྲོས་ཁང་གླེང་སྟེགས་སྐབས་དྲུག་པའི་བརྙན་རིས་གྲོས་ཚོགས་ལ་ཞུགས་པར་མ་ཟད་གསུང་བཤད་གནང་།

ལིས་ཀྲན་ཧྲུའུ་ཡིས་གསུངས་རྒྱུར། གློ་བུར་དུ་བྱུང་བའི་པྲོག་གསར་གློ་ཚད་རིམས་ནད་ནི་འཛམ་གླིང་ཡོངས་ལ་མཚོན་ན་ཛ་དྲག་ཆེ་བའི་ཚོད་བགམ་ཞིག་ཡིན། རིམས་ནད་ལ་འགོག་རྒོལ་དང་དཔལ་འབྱོར་བརྟན་འཇགས། དམངས་ཚིས་འགན་སྲུང་བྱེད་པ་ནི་རྒྱལ་ཁབ་སོ་སོའི་མདུན་དུ་ལྷགས་པའི་དཀའ་ཚེགས་ཆེ་བའི་ལས་འགན་ཡིན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་དངོས་སུ་བཀོད་འདོམས་དང་དངོས་སུ་བཀོད་སྒྲིག་བྱས་ཤིང་། མི་དམངས་གཙོར་འཛིན་པ་དང་ཚེ་སྲོག་ལ་གཅེས་སྤྲས་བྱེད་རྒྱུ་རྒྱུན་འཁྱོངས་བྱས་པ་དང་། རིམས་ནད་འགོག་བཅོས་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གཅིག་གྱུར་སྒོས་འཆར་འགོད་དང་སྐུལ་འདེད་བཏང་ཞིང་། མི་དམངས་དུང་ཕྱུར་བཅུ་བཞི་ཡིས་རྡོག་རྩ་གཅིག་སྒྲིལ་དང་སྤོབས་པ་ཆེར་བསྐྱེད་བྱས་ནས། རྒྱལ་ཡོངས་ཀྱི་རིམས་འགོག་འཐབ་རྩོད་ཐད་ནས་འཐབ་ཇུས་ཀྱི་གྲུབ་འབྲས་གལ་ཆེན་བླངས། ད་ལོའི་ཟླ་སྔོན་མ་དགུའི་ནང་དུ་ཀྲུང་གོའི་རྒྱལ་ནང་གི་ཐོན་སྐྱེད་སྤྱིའི་ཐོན་རིན་བརྒྱ་ཆའི་ཐིག་དང་གྲངས་ཆུང་བདུན་འཕར་བ་དང་། དེ་རིམས་ནད་བྱུང་བའི་ཚུན་ལ་བཟང་ཕྱོགས་སུ་འཕེལ་བའི་དཔལ་འབྱོར་ཕུང་བོ་གཙོ་བོ་ཐོག་མར་གྱུར་བས། འཛམ་གླིང་གི་དཔལ་འབྱོར་སླར་གསོ་བྱེད་པར་ནུས་ཤུགས་བཏོན་པ་དང་ཆོད་སེམས་བརྒྱུད་སྤྲོད་བྱས་ཟེར།

ལིས་ཀྲན་ཧྲུའུ་ཡིས་བསྟན་དོན། མཐུན་སྒྲིལ་མཉམ་ལས་ནི་རིམས་ནད་ལ་འགོག་རྒོལ་བྱེད་པའི་སྟོབས་ལྡན་མཚོན་ཆ་ཡིན། ཀྲུང་གོས་རིམས་འགོག་བྱེད་པའི་གནད་འགག་དུས་སྐབས་སུ་གསེར་གྱོམ་རྒྱལ་ཁབ་དང་བཅས་པའི་རྒྱལ་ཁབ་དང་རྒྱལ་སྤྱིའི་རྩ་འཛུགས་གང་མང་གིས་ཀྲུང་གོར་རོགས་སྐྱོར་དང་རྒྱབ་སྐྱོར་བྱས། རྒྱལ་ཁབ་སོ་སོས་ཕན་ཚུན་རོགས་རེས་དང་ལག་རྡང་སྦྲེལ་ཏེ་ཁ་གཏད་འཇལ་ན། ཐེངས་འདིའི་རིམས་ནད་ལས་ཅིས་ཀྱང་རྣམ་པར་རྒྱལ་ཐུབ་པ་དང་མིའི་རིགས་ཀྱི་ཐུན་མོང་གི་ཁྱིམ་གཞིས་སྲུང་སྐྱོབ་བྱེད་ཐུབ་པར་མ་ཟད། མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་གསར་སྐྲུན་བྱེད་པར་བྱས་རྗེས་འཇོག་ཐུབ་ཟེར།

ལིས་ཀྲན་ཧྲུའུ་ཡིས་གསེར་གྱོམ་རྒྱལ་ཁབ་ཀྱི་ཁྲིམས་འཛུགས་ལས་ཁུངས་ཀྱིས་མཉམ་ལས་ལ་ཤུགས་སྣོན་པའི་ཐད་ལ་གྲོས་གཞི་བཞི་བཏོན། གཅིག སྤྱི་ཐུན་འཕྲོད་བསྟེན་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་བསྣན་ཏེ། ཁྲིམས་ལྟར་རིམས་ནད་འགོག་བཅོས་ལ་རོགས་འདེགས་བྱེད་དགོས། གཉིས། སྒོ་འབྱེད་གསར་སྐྲུན་འཕེལ་རྒྱས་རྒྱུན་འཁྱོངས་བྱས་ཏེ། འཛམ་གླིང་གི་དཔལ་འབྱོར་སླར་གསོ་བྱེད་པར་ཁྲིམས་སྐྱོང་འདེགས་ཤུགས་འདོན་སྤྲོད་བྱེད་དགོས། གསུམ། བློ་ཐག་རྦད་ཆོད་སྒོས་རྒྱལ་སྤྱིའི་བཅའ་ཁྲིམས་ཀྱི་དབང་ཟིལ་སྲུང་སྐྱོབ་བྱས་ཏེ། སྔར་ལས་དྲག་གཞག་དང་ལུགས་མཐུན་ཡིན་པའི་རྒྱལ་སྤྱིའི་སྒྲིག་ལམ་འཛུགས་སྐྲུན་བྱེད་དགོས། བཞི། གསེར་གྱོམ་རྒྱལ་ཁབ་ཀྱི་རྐྱེན་སྲོལ་འོག་ཏུ་ཁྲིམས་འཛུགས་སྒྲིག་གཞིའི་མཉམ་ལས་རྒྱ་ཆེར་སྤེལ་དགོས་པ་བཅས་རེད།

ཨུ་རུ་སི་རྒྱལ་ཁབ་ཀྱི་གྲོས་ཁང་ཞོལ་མའི་ཀྲུའུ་ཞི་ཝོ་ལོ་ཅིན་དང་རྒྱལ་ཕྲན་མཉམ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་མ་ཐི་ཝེ་ཡན་ཁི། རྒྱ་གར་གྲོས་ཁང་མི་དམངས་གླིང་གི་གྲོས་དཔོན་པའོ་ལ། ཨ་ཧྥེ་རི་ཁ་ལྷོ་མའི་རྒྱལ་དམངས་གྲོས་ཁང་གི་གྲོས་དཔོན་མའོ་ཏེ་སེ། རྒྱལ་ཡོངས་ཞིང་ཆེན་རིམ་པའི་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་མ་སུན་ཏུའུ། པ་ཞིའི་མང་གྲོས་ཁང་གི་གྲོས་དཔོན་མ་ཡ་སོགས་བརྙན་རིས་གྲོས་ཚོགས་ལ་ཞུགས། ཚོགས་འདུར་ཞུགས་པའི་ཕྱོགས་སོ་སོས་འཛམ་གླིང་བརྟན་འཇགས་སྲུང་སྐྱོབ་དང་ཐུན་མོང་གི་བདེ་འཇགས་འགན་སྲུང་བྱས་ཏེ། གསར་སྐྲུན་འཕེལ་རྒྱས་ཀྱི་གསེར་གྱོམ་རྒྱལ་ཁབ་གྲོགས་པོའི་འབྲེལ་བར་སྐུལ་འདེད་གཏོང་དགོས་ཞེས་པར་དམིགས་ནས་བསམ་བློ་བརྗེ་རེས་བྱས། ཚོགས་ཐོག་ནས་གསེར་གྱོམ་རྒྱལ་ཁབ་གྲོས་ཁང་གླེང་སྟེགས་སྐབས་དྲུག་པའི་བསྒྲགས་གཏམ་ལ་གྲོས་འཆམ་བྱུང་།

ལོ་ཙཱ་བ། བཀྲ་ཤིས་འབུམ།