ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་སྐབས་སུ་རང་རྒྱལ་གྱིས་མ་དངུལ་སྒོར་ཁྲག་ཁྲིག་གཅིག་དང་ཐེར་ཆེན་བཞི་ལྷག་བཀོད་སྒྲིག་བྱས་ཏེ་སྤྱི་ཐུན་འཕྲོད་བསྟེན་སྨན་བཅོས་ལས་གཞི་སྟོང་བརྒྱད་ལྷག་ལ་རྒྱབ་སྐྱོར་བྱས།
2020.10.29 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 26

རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཡུས་ཞོ་ཅུན་གྱིས་ཚེས་ཉེར་བརྒྱད་ཉིན་བསྡུས་པའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་སྒྲུབ་ཁང་གི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་མཚམས་སྦྱོར་བྱས་དོན། ཉིས་སྟོང་བཅུ་དྲུག་ལོ་ནས་ཉིས་སྟོང་ཉི་ཤུ་ལོའི་བར་དུ་རྒྱལ་ཁབ་ཀྱིས་བསྡོམས་པས་ཀྲུང་དབྱང་སྔོན་རྩིས་ལས་མ་དངུལ་སྒོར་ཁྲག་ཁྲིག་གཅིག་དང་ཐེར་ཆེན་བཞི་ཐེར་འབུམ་གཅིག་དུང་ཕྱུར་ལྔ་བཀོད་སྒྲིག་བྱས་ཏེ། རིམས་ནད་ཚོད་འཛིན་ལྟེ་གནས་འཛུགས་སྐྲུན་བྱེད་པ་སོགས་སྤྱི་ཐུན་འཕྲོད་བསྟེན་སྨན་བཅོས་ལས་གཞི་སྟོང་བརྒྱད་ལྷག་ལ་རྒྱབ་སྐྱོར་བྱས་པ་དང་། དེ་ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་དུས་སྐབས་དང་བསྡུར་ན་སྤྱིའི་མ་དངུལ་བཏང་ཚད་བརྒྱ་ཆའི་ཉེར་གསུམ་འཕར་སྣོན་བྱུང་ཞིང་སྤྱི་དམངས་ཡོངས་ལ་ཁེབས་པའི་སྤྱི་ཐུན་འཕྲོད་བསྟེན་ཞབས་ཞུའི་མ་ལག་ཕལ་ཆེར་འཛུགས་སྐྲུན་བྱས།

ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་སྐབས་སུ། རང་རྒྱལ་གྱིས་སྤྱི་ཐུན་འཕྲོད་བསྟེན་ཞབས་ཞུའི་མ་ལག་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་གློ་བུར་དུ་བྱུང་བའི་འགོས་ནད་ཚབས་ཆེན་དུས་ཐོག་དང་འོས་འཚམ་སྒོས་ཐག་གཅོད་རྒྱུ་དེ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པའི་དེང་རབས་ཅན་གྱི་དམིགས་འབེན་གལ་ཆེན་དུ་བཞག་སྟེ། སྔོན་འགོག་གཙོར་འཛིན་པ་དང་འགག་སྒོ་གཏན་སྲུང་བྱེད་པ། འགོག་བཅོས་ཟུང་འབྲེལ་བྱས་ནས་མི་དམངས་མང་ཚོགས་ལ་བདེ་འཇགས་དང་སྟབས་བདེ་ཡིན་པའི་སྤྱི་ཐུན་འཕྲོད་བསྟེན་དང་གཞི་རྩའི་སྨན་བཅོས་ཞབས་ཞུ་འདོན་སྤྲོད་བྱས། དེའི་ནང་དུ་གཞི་རྩའི་སྨན་བཅོས་འགན་སྲུང་བྱེད་པའི་ཕྱོགས་སུ་རང་རྒྱལ་གྱིས་རྒྱུན་མཐུད་སྒོས་ནུས་ཤུགས་བཏོན་ཏེ། ཆེད་སྤྱོད་མྱུར་སྐྱོབ་ནད་རིགས་སུམ་ཅུ་ལྷག་ལ་རྒྱ་བསྐྱེད་པ་དང་། བསྡོམས་པས་དཀའ་ཁག་ཆེ་བའི་ནད་པ་བྱེ་བ་གཅིག་དང་ས་ཡ་དགུ་ལྷག་མྱུར་སྐྱོབ་བྱས་ལ། ནད་བྱུང་སྟེ་ཡང་བསྐྱར་དབུལ་ཕོངས་སུ་གྱུར་བའི་ཁྱིམ་ཚང་བྱེ་བ་གཅིག་ཙམ་དབུལ་ཐར་བྱས་ཟེར། 

ལོ་ཙཱ་བ། བཀྲ་ཤིས་འབུམ།