ཁོང་ཡུང་གིས་མཚོ་ཤར་དང་ཟི་ལིང་གྲོང་ཁྱེར་གྱི་ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་ཚོད་ལྟ་ཁང་འཛུགས་སྐྲུན་བྱ་བར་རྟོག་ཞིབ་བྱས།
2020.10.29 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 18

ཟླ་བཅུ་བའི་ཚེས་ཉེར་བརྒྱད་ཉིན།   ཧྲིན་ཀྲང་གཞོན་པ།   ཞིང་ཆེན་རིམས་ནད་འགོག་སྲུང་བཀོད་འདོམས་པུའུ་ཡི་བཀོད་འདོམས་དཔོན་པོ་གཞོན་པ་ཁོང་ཡུང་མཚོ་ཤར་གྲོང་ཁྱེར་དང་ཟི་ལིང་གྲོང་ཁྱེར་གྱི་སྨན་བཅོས་སྡེ་ཁག་དང་རིམས་འགོག་ལྟེ་གནས་ཁ་ཤས་སུ་སོང་ནས་ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་ཚོད་ལྟ་ཁང་འཛུགས་སྐྲུན་དང་།  སྟོན་དགུན་དུས་ཀྱི་རིམས་ནད་འགོག་སྲུང་བྱ་བར་ལྟ་སྐུལ་མཛུབ་སྟོན་བྱས་པ་དང་།   བཞུགས་མོལ་ཚོགས་འདུ་བསྡུས་ཏེ་འབྲེལ་ཡོད་ས་ཁུལ་དང་འཕྲོད་བསྟེན་བདེ་ཐང་སྡེ་ཁག་གིས་བྱ་བར་སྐུལ་འདེད་གཏོང་བའི་གནས་ཚུལ་དང་གྲོས་གཞི་དང་བསམ་འཆར་ལ་ཉན་པར་མ་ཟད།   མཚོ་སྔོན་ཞིང་ཆེན་གྱི་ཞིང་སྐྱུར་ཞིབ་དཔྱད་ཚད་ལེན་ཚོད་ལྟ་ཁང་མྱུར་དུ་འཛུགས་སྐྲུན་བྱེད་པ་དང་།   རྒྱུན་རྣམ་ཅན་གྱི་རིམས་འགོག་བྱ་བ་དམ་འཛིན་བྱེད་པའི་ཐད་བླང་བྱ་བཏོན།

ཁོང་ཡུང་གིས་བསྟན་དོན།  མིག་སྔར།  ཕྱི་རྒྱལ་གྱི་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པ་རྒྱུན་མཐུད་ཀྱིས་ཇེ་མང་དུ་འགྲོ་བཞིན་ཡོད་པ་དང་།  རྒྱལ་ནང་དུ་གཅིག་བསྡུས་རང་བཞིན་གྱི་རིམས་ནད་བྱུང་ཚུལ་མངོན་བཞིན་ཡོད་པས།  ཕྱི་ནས་ཡོང་བ་འགོག་པ་དང་ནང་དུ་མཆེད་པ་འགོག་པའི་ལས་འགན་ཧ་ཅང་ལྕི།  ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་བྱ་བ་བཟང་བོར་བསྒྲུབ་རྒྱུ་ནི་པྲོག་གསར་གློ་ཚད་རིམས་ནད་ངོས་འཛིན་བྱེད་པའི་བྱེད་ཐབས་གལ་ཆེན་དང་འགག་རྩ་ཡིན་པ་དང་།   ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་ཚོད་ལྟ་ཁང་འཛུགས་སྐྲུན་བྱེད་པ་དེས་རིམས་འགོག་བྱ་བ་སྔར་ལས་བཟང་བོར་བསྒྲུབ་པ་མངོན་འགྱུར་བྱེད་ཐུབ།  ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་ཚོད་ལྟ་ཁང་འཛུགས་སྐྲུན་བྱེད་པའི་གལ་ཆེན་རང་བཞིན་དང་བྲེལ་མྱུར་རང་བཞིན་ལ་ངོས་འཛིན་ཟབ་མོ་བྱས་ཏེ་མཐུན་སྦྱོར་རོགས་ལས་བྱེད་ཤུགས་ཇེ་ཆེར་གཏོང་དགོས་པ་དང་། ཚོད་ལྟ་ཁང་འཛུགས་སྐྲུན་ལ་མགྱོགས་མྱུར་གྱིས་སྐུལ་འདེད་གཏོང་དགོས།  འཛུགས་སྐྲུན་དང་དོ་དམ་རྒྱུན་འཁྱོངས་བྱས་ཏེ་བྱེད་ནུས་བཟང་བོ་འདོན་སྤེལ་བྱེད་དགོས་ཟེར།

ཁོང་ཡུང་གིས་ནན་གྱིས་བསྟན་དོན།  ཞིང་ཆེན་གྱི་དངོས་ཡོད་གནས་ཚུལ་ལ་ཟུང་འབྲེལ་དང་མིག་སྔའི་གནས་ཚུལ་ལ་རྐང་འཛུགས་པ་དང་།   ཡུན་རིང་ལ་དམིགས་པ་དང་ཡུལ་བབ་དང་བསྟུན་པ་བཅས་བྱས་ཏེ་ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་ཚོད་ལྟ་ཁང་འཛུགས་སྐྲུན་ལ་ཚན་རིག་ལྟར་བཀོད་སྒྲིག་བྱེད་དགོས་པ་དང་།   ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་ཚོད་ལྟ་ཁང་གི་སྒྲིག་ཆས་ཁ་གྲངས་ལུགས་མཐུན་གྱིས་ཇེ་མང་དུ་བཏང་སྟེ་ཞིབ་དཔྱད་ནུས་པ་དང་ཕན་ནུས་མཐོར་འདེགས་གཏོང་དགོས།  སྤྱི་ཡོངས་ཚད་ལྡན་དང་གོ་རིམ་ཧྲིལ་བོ་དོ་སྲུང་བྱེད་པའི་ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་གོ་རིམ་དང་འཕྲལ་བསྟུན་ཇུས་གཞི་འཛུགས་སྐྲུན་དང་འཐུས་ཚང་དུ་བཏང་སྟེ་འཕྲལ་བསྟུན་ཐག་གཅོད་ནུས་པ་མཐོར་འདེགས་གཏོང་དགོས།  སློབ་གསོ་གསོ་སྦྱོང་བྱེད་ཤུགས་ཇེ་ཆེར་གཏོང་བ་དང་།  བཀོད་སྤྱོད་གོ་རིམ་ཚད་ལྡན་དུ་གཏོང་བ།  མི་སྒེར་གྱི་བདེ་འཇགས་འགོག་སྲུང་དང་ཚོད་ལྟ་ཁང་སོགས་ཀྱི་བདེ་འཇགས་དོ་དམ་བྱ་བ་བཟང་བོར་བསྒྲུབ་པ་བཅས་བྱས་ཏེ་བདེ་འཇགས་ཚད་མཐའ་དམ་སྲུང་བྱེད་དགོས།  གཞུང་བཙུགས་སྨན་ཁང་གི་འགོས་ནད་སྐྱོབ་བཅོས་ནུས་པ་མཐོར་འདེགས་གཏོང་བ་དང་། ཕྱོགས་བསྡུས་སྨན་ཁང་གི་འགོས་ནད་འགོག་བཅོས་སྒྲིག་ཆས་འཛུགས་སྐྲུན་ཚད་གཞི་འཐུས་ཚང་དུ་བཏང་སྟེ་འཕྲལ་བསྟུན་སྨན་བཅོས་རོགས་སྐྱོབ་གྲ་སྒྲིག་ནུས་པ་མཐོར་འདེགས་གཏོང་དགོས་ཟེར།

                                                                                                                         ལོ་ཙཱ་བ་ལྷ་མོ་ཚེ་རིང་།