ཝང་ཡུས་ཡན་གྱིས་མཚོ་ནུབ་ཁུལ་དུ་རྟོག་ཞིབ་བྱས།
2020.10.31 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 10

ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྩ་འཛུགས་པུའུ་ཀྲང་ཝང་ཡུས་ཡན་ཉེ་སྔོན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་དུ་སོང་ནས། རྫོང་དང་ཡུལ་ཚོ། སྡེ་བ་བཅས་རིམ་པའི་སྐབས་བརྗེའི་གྲ་སྒྲིག་བྱ་བ་དང་མི་སྣའི་འདེམ་བསྐོའི་བྱ་བ། རྩ་འཛུགས་མ་ལག་འཛུགས་སྐྲུན་བྱེད་པའི་ལོ་གསུམ་གྱི་འགུལ་སྐྱོད་སྤེལ་བའི་གནས་ཚུལ་བཅས་ལ་རྟོག་ཞིབ་བྱས། 

ཝང་ཡུས་ཡན་མང་ངེ་གྲོང་ཁྱེར་གྱི་ཡུལ་ཚོ་དང་གྲོང་རྡལ་སོ་སོ་དང་། མཚོ་སྔོན་ཁྲུང་ཨན་སྡེ་ཚོགས། མཚོ་སྔོན་སྣུམ་ཞིང་ཀཱ་སི་མཉམ་འབྲེལ་ས་ཚིགས། ཚྭ་འདམ་གཞུང་ཆེ་བའི་སྲིད་འཛིན་ཨུ་ཡོན་ལྷན་ཁང་བཅས་སུ་སོང་སྟེ་ཡུལ་དངོས་ནས་རྟོག་ཞིབ་བྱས་པ་དང་། ཁུལ་དང་རྫོང་། ཡུལ་ཚོ་དང་གྲོང་རྡལ། སྡེ་བ་བཅས་ཀྱི་ལས་བྱེད་པའི་སྐབས་བརྗེའི་བྱ་བའི་ཐད་ཀྱི་བསམ་འཆར་དང་གྲོས་གཞིར་ཉན་ཏེ། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ཚྭ་འདམ་གཞུང་གི་སྙིང་སྟོབས་རྒྱུན་འཛིན་དང་མཚོ་སྔོན་གསར་བའི་སྙིང་སྟོབས་དར་སྤེལ་བྱས་ཤིང་། མཐོ་སྒང་གཏན་སྲུང་བྱས་ཏེ་སྤོབས་པ་ཆེན་པོས་བྱས་རྗེས་འཇོག་པ་དང་ལས་གནས་སུ་རྐང་བཙུགས་ནས་འགན་འཁྲི་ལག་བསྟར་བྱས་པར་ཁས་ལེན་གང་ལེགས་བྱས། ཁོ་མོས་བསྟན་དོན། རིམ་པ་སོ་སོའི་རྩ་འཛུགས་སྡེ་ཁག་གིས་ནན་ཏན་གྱིས་དུས་རབས་གསར་བའི་ཏང་གི་རྩ་འཛུགས་ལམ་ཐིག་ལག་བསྟར་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དམ་འཛིན་ལྔའི་རེ་བ་གལ་ཆེན་ལག་ལེན་དངོས་འབེབ་བྱས་ཏེ། རྩ་འཛུགས་བྱ་བའི་གསར་གཏོད་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཟེར། ཁོ་མོས་ནན་གྱིས་བསྟན་དོན། སྔ་སྣུར་གྱིས་རྫོང་དང་ཞང་གི་སྐབས་བརྗེའི་བྱ་བར་འཆར་འགོད་བྱེད་པ་དང་བྱ་བའི་ལས་རིམ་ཞིབ་ཚགས་སུ་བྱེད་པ། སྐབས་བརྗེའི་རིམ་པ་གསལ་བོ་བྱེད་པ། དབྱེ་ཞིབ་དང་བརྡར་གཅོད་ལ་ཤུགས་སྣོན་བྱེད་པ། སྐབས་བརྗེའི་སྔོན་གྱི་ལེགས་སྒྲིག་བྱ་བ་བཟང་བོར་བསྒྲུབས་ཏེ་སྐབས་བརྗེའི་འདེམ་བསྐོའི་བྱ་བ་བདེ་བླག་ངང་གོ་རིམ་ལྡན་པར་སྤེལ་བར་འགན་སྲུང་བྱེད་དགོས། སྡེ་བ་དང་སྡོད་ཁུལ་གྱི་སྐབས་བརྗེའི་གྲ་སྒྲིག་བྱ་བ་བཟང་བོར་བསྒྲུབས་པ་དང་འདེམ་སྒུག་མི་སྣའི་གྲབས་གསོག་ལ་ཤུགས་སྣོན་པ། འདེམ་སྒུག་མི་སྣའི་ཚད་གཞི་ནན་སྲུང་བྱེད་པ། ལས་འགན་གཅིག་ལྕོགས་སུ་ཁུར་བར་གཏན་འཇགས་ཀྱིས་སྐུལ་འདེད་བཏང་སྟེ། ཁྲིམས་ལྟར་སྐབས་བརྗེ་འདེམ་བསྐོ་བྱེད་པ་དང་། ཚད་ལྡན་གྱིས་བཀོད་སྒྲིག་བྱས་ནས་གོ་རིམ་ལྡན་པར་སྤེལ་དགོས། འདེམ་སྒུག་མི་སྣའི་སྤུས་ཚད་མཐོར་འདེགས་དང་ཆབ་སྲིད་ཚད་གཞི་འབུར་དུ་ཐོན་པ། ས་གནས་བཅོས་སྐྱོང་སོགས་ལས་འགན་གཙོ་བོ་ལས་ལས་བྱེད་པའི་ནུས་པ་དང་བྱང་ཚད་གསོ་སྤེལ་དམ་འཛིན་བྱས་ནས། ལས་བྱེད་པས་ལས་འགན་ཁུར་ནས་བྱ་བ་བཟང་བོར་བསྒྲུབ་པར་མུ་མཐུད་དུ་ཡར་སྐུལ་བྱེད་དགོས། རྩ་འཛུགས་མ་ལག་འཛུགས་སྐྲུན་གྱི་ལོ་གསུམ་འགུལ་སྐྱོད་ལ་གཏིང་ཟབ་ཏུ་སྐུལ་འདེད་གཏོང་བ་དང་། ལས་འགན་གཙོ་བོའི་རྩད་ཞིབ་ཁ་གསབ་བྱས་ཤིང་། ཁྱབ་ཁོངས་སོ་སོའི་གཞི་རིམ་ཏང་རྩ་འཛུགས་ཀྱི་འཛུགས་སྐྲུན་ལ་གཅིག་གྱུར་བཀོད་འདོམ་དང་སྐུལ་འདེད་བཏང་སྟེ། ཏང་ཀྲི་པུའུ་སོ་སོ་འཐབ་འཛིང་གི་བཙན་རྫོང་སྟོབས་དང་ལྡན་པ་རེར་འགྱུར་བར་འགན་སྲུང་བྱེད་དགོས་ཟེར། 


ལོ་ཙཱ་བ། བསོད་ནམས་ཚེ་རིང་།