ཀྲའོ་ལི་ཅི་ཡིས་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ལ་འགོ་འཛིན་མཛད་དེ་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས།
2020.10.31 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 23

ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཟླ་བཅུ་པའི་ཚེས་སུམ་ཅུའི་ཉིན་གྲོས་ཚོགས་བསྡུས་ཏེ། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཀྲའོ་ལི་ཅི་ཡིས་གྲོས་ཚོགས་ལ་འགོ་འཛིན་མཛད། 

གྲོས་ཚོགས་ནས་བསྟན་དོན། ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་ནས་གཙོ་བོ་ལོ་ལྔའི་འཆར་འགོད་བཅུ་བཞི་པ་དང་ཉིས་སྟོང་སོ་ལྔ་ལོའི་རྒྱང་རིང་དམིགས་འབེན་གཏན་འབེབས་བྱེད་པའི་སྐོར་གྱི་གྲོས་གཞིར་ཞིབ་འཇུག་བྱས་པ་དང་། རང་རྒྱལ་གྱི་མ་འོངས་པའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་རླབས་ཆེན་ཇུས་གཞི་གཏན་ལ་ཕབ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དེ་དུས་བབ་དང་མཐུན་ཞིང་སྤྱི་ཡོངས་ལ་ཁྱབ་ཡོད་ལ། བསམ་བློ་གཏིང་ཟབ་ཅིང་ནང་དོན་ཕུན་སུམ་ཚོགས། ཚན་རིག་དང་མཐུན་པའི་སྒོ་ནས་གཞུང་ལུགས་དང་ལག་ལེན་གནད་དོན་གལ་ཆེན་རབ་དང་རིམ་པར་ལན་བཏབ་ཡོད། ཆབ་སྲིད་རང་བཞིན་དང་བསམ་བློའི་རང་བཞིན། གཞུང་ལུགས་རང་བཞིན། མཛུབ་སྟོན་རང་བཞིན་བཅས་དྲག་པོ་ལྡན་པ་དང་། ཏང་ཡོངས་དང་རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱིས་མཐུན་སྒྲིལ་འབད་འཐབ་དང་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་རྒྱལ་ཁ་གསར་བ་བརྩོན་ལེན་བྱེད་པའི་ཐད་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་བོར་བསྟན་ཡོད་པར་མ་ཟད། འགུལ་སྐྱོད་ཀྱི་ཕྱོགས་སྟོན་འདོན་སྤྲོད་བྱས་ཡོད། རིམ་པ་སོ་སོའི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་གཏིང་ཟབ་ཏུ་སློབ་སྦྱོང་བྱས་ཤིང་། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་། ཡིད་ཆེས་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོབ་གཉིས་བཟང་བོར་བསྒྲུབ་སྟེ། རྒྱལ་ཁབ་ཀྱི་དོན་ཆེན་ལ་རྒྱུས་ལོན་གསལ་བོ་ཡོད་པ་དང་རང་འགུལ་གྱིས་བསམ་བློ་དང་འགུལ་སྐྱོད་དེ་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་སྟེང་གཅིག་གྱུར་བྱེད་དགོས། འཕེལ་རྒྱས་ཀྱི་དུས་རིམ་གསར་བར་ཞུགས་པ་དང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ལག་ལེན་བྱེད་པ། འཕེལ་རྒྱས་ཀྱི་རྣམ་པ་གསར་བ་འཛུགས་སྐྲུན་བྱེད་པ་བཅས་ལས་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་བྱ་བའི་ཐད་ཀྱི་རེ་བ་གསར་བ་ཡང་དག་པར་དམ་འཛིན་བྱེད་པ་དང་། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དང་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ཀྱི་འགན་ནུས་ཟུང་འབྲེལ་བྱེད་པ། གཞི་རྩའི་རྩ་དོན་དུས་ཡུན་རིང་བོར་རྒྱུན་འཁྱོངས་ནན་མོ་བྱས་ཏེ། གཏན་འཇགས་ཁྲོད་ནས་ཡར་ཐོན་བརྩོན་པ་དང་གཏན་འཇགས་འོས་འཚམ་སྒོས་མུ་མཐུད་དུ་སྲོལ་བཟང་སྒྲིག་སྲུང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པ་དང་། ལྟ་རྟོག་འགན་སྲུང་ལག་བསྟར་དང་འཐུས་ཚང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས། དེང་རབས་ཅན་གྱི་འཛུགས་སྐྲུན་རེ་བ་དང་འཚམ་པར་བྱས་ནས་ཆབ་སྲིད་ལྟ་རྟོག་སྔར་ལས་འབུར་དུ་ཐོན་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྲོག་ཤིང་སྔར་ལས་འབུར་དུ་ཐོན་པ། མང་ཚོགས་ཀྱི་ཉེ་སའི་རུལ་སུངས་དང་སྤྱོད་ཚུལ་གནད་དོན་བཅོས་སྐྱོང་བྱེད་པ་སྔར་ལས་འབུར་དུ་ཐོན་པ། ལྟ་རྟོག་བཅོས་སྐྱོང་བྱེད་ནུས་འདོན་སྤེལ་བྱེད་པ་སྔར་ལས་འབུར་དུ་ཐོན་པ། དོ་དམ་ནན་མོ་དང་བརྩེ་བ་ཆེན་པོ་ཟུང་དུ་འབྲེལ་བ་དང་ཡར་སྐུལ་དང་ཚོད་འཛིན་མཉམ་དུ་འཛིན་པ་སྔར་ལས་འབུར་དུ་ཐོན་པར་བྱས་ཏེ། ལོ་ལྔའི་འཆར་གཞི་བཅུ་བཞི་བར་ཆབ་སྲིད་སྐྱེ་ཁམས་དང་འཕེལ་རྒྱས་ཁོར་ཡུག་བཟང་བོ་བསྐྲུན་དགོས། རྒྱ་ཆེའི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ཀྱི་ལས་བྱེད་པས་ཆབ་སྲིད་ནུས་པ་མཐོར་འདེགས་དང་། མ་ལག་ལྟ་ཚུལ་ཇེ་དྲག་ཏུ་གཏོང་བ། དངོས་ཐོག་བདེན་འཚོལ་རྒྱུན་འཁྱོངས་བྱེད་པ། སྒྲིག་ཁྲིམས་དང་ཁྲིམས་སྲོལ་བརྩི་སྲུང་བྱེད་པ། ལྷག་བསམ་རྣམ་དག་དང་སྤྱོད་གཙང་སྒོས་ལས་འགན་ཁུར་དུ་ལེན་དགོས་ཟེར། 


ལོ་ཙཱ་བ། བསོད་ནམས་ཚེ་རིང་།