ཞི་ཅིན་ཕིང་གིས་འགོ་འཛིན་བྱས་ཏེ་ཀྲུང་དབྱང་གི་ཁྱོན་ཡོངས་ནས་བཅོས་སྒྱུར་ཟབ་སྤེལ་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་དྲུག་པ་བསྡུས།
2020.11.03 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 56

ཟླ་བཅུ་གཅིག་པའི་ཚེས་གཉིས་ཉིན་གྱི་ཕྱི་དྲོ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི། ཀྲུང་དབྱང་གི་ཁྱོན་ཡོངས་བཅོས་སྒྱུར་ཟབ་སྤེལ་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཞི་ཅིན་ཕིང་གིས་འགོ་འཛིན་བྱས་ཏེ། ཀྲུང་དབྱང་གི་ཁྱོན་ཡོངས་ནས་བཅོས་སྒྱུར་ཟབ་སྤེལ་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་དྲུག་པ་བསྡུས་ནས་གསུང་བཤད་གལ་ཆེན་གནང་། ཁོང་གིས་ནན་གྱིས་བསྟན་དོན། ལོ་ལྔའི་འཆར་འགོད་བཅུ་གསུམ་པའི་སྐབས་སུ་ཁྱོན་ཡོངས་བཅོས་སྒྱུར་ཟབ་སྤེལ་བྱ་བར་ཐོད་བརྒལ་ཆེན་པོ་བྱུང་ཡོད། ལོ་ལྔའི་འཆར་འགོད་བཅུ་བཞི་པའི་རིང་ལ། རང་རྒྱལ་འདི་ཉིད་འཕེལ་རྒྱས་ཀྱི་དུས་རིམ་གསར་པར་སླེབས་རྒྱུ་ཡིན་པ་དང་། བཅོས་སྒྱུར་ལས་དོན་ཡང་བསྐྱར་འགག་རྩའི་ལས་རིམ་ཞིག་ཏུ་སླེབས་ཡོད། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་རྒྱུ་དང་། བཅོས་སྒྱུར་དང་འཕེལ་རྒྱས་ཀྱི་ནང་གནས་འབྲེལ་བ་མུ་མཐུད་ཁོང་དུ་ཆུད་པར་བྱེད་པ། རང་རྒྱལ་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོར་འགྱུར་བ་བྱུང་བ་ལས་བྱུང་བའི་ཁྱད་ཆོས་གསར་པ་དང་བླང་བྱ་གསར་པར་ངོས་འཛིན་གཏིང་ཟབ་བྱེད་པ། རྙོག་འཛིང་ཆེ་བའི་རྒྱལ་སྤྱིའི་ཁོར་ཡུག་ལས་བྱུང་བའི་འགལ་བ་གསར་པ་དང་འགྲན་སློང་གསར་པར་ངོས་འཛིན་གཏིང་ཟབ་བྱེད་པ། ཁྱོན་ཡོངས་ནས་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བའི་ལས་དོན་གྱི་དུས་མཚམས་རང་བཞིན་གྱི་ཁྱད་ཆོས་གསར་པ་དང་ལས་འགན་གསར་པར་ངོས་འཛིན་གཏིང་ཟབ་བྱེད་པ་བཅས་ལ་འབད་དེ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་རྒྱུ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་བསྐྲུན་པ་བཅས་ལ་དམ་པོར་དམིགས་དགོས་ལ། འབུར་ཐོན་གནད་དོན་ཐག་གཅོད་བྱེད་པར་དམ་པོར་དམིགས་རྒྱུ་དང་། བཅོས་སྒྱུར་གྱི་འཐབ་ཇུས་རང་བཞིན་དང་རྒྱང་ལྟའི་རང་བཞིན། དམིགས་སའི་རང་བཞིན་བཅས་ཇེ་མཐོར་བཏང་སྟེ། བཅོས་སྒྱུར་གྱིས་འཕེལ་རྒྱས་ཀྱི་དགོས་མཁོ་དང་གཞི་རིམ་གྱི་འདོད་འདུན། དམངས་སེམས་གཏད་ཕྱོགས་བཅས་སྔར་ལས་ལྷག་པར་སྦྲེལ་མཐུད་བྱེད་དགོས་པར་མ་ཟད། བཅོས་སྒྱུར་དང་འཕེལ་རྒྱས་མཉམ་འདྲེས་གཏིང་ཟབ་དང་ནུས་ཆེའི་མཉམ་འགུལ་ལ་སྐུལ་འདེད་ཤུགས་ཆེན་གཏོང་དགོས་ཟེར།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་གི་ཁྱོན་ཡོངས་བཅོས་སྒྱུར་ཟབ་སྤེལ་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ལིས་ཁི་ཆང་དང་ཝང་ཧུའུ་ཉིང་། ཧན་ཀྲིན་བཅས་ཚོགས་འདུར་ཞུགས།

ཚོགས་ཐོག་ནས《དུས་རབས་གསར་པའི་ནང་རྒྱལ་དབང་དཔལ་འབྱོར་གྱི་བཀོད་པ་ལེགས་སྒྱུར་དང་སྒྲིག་གཞི་ལེགས་སྒྲིག་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་བསམ་འཆར》དང་། 《ཚད་གཞི་མཐོ་བའི་ཁྲོམ་རའི་མ་ལག་བསྐྲུན་པའི་བྱ་སྤྱོད་ཇུས་གཞི》།《རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རྒྱལ་དབང་རྒྱུ་ནོར་དོ་དམ་གནས་ཚུལ་ལ་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བའི་སྐོར་གྱི་གཏན་འབེབས》།《རྒན་གསོ་བཅོལ་གསོའི་ཞབས་ཞུ་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་སྐོར་གྱི་བསམ་འཆར》། 《ནགས་དཔོན་ལམ་ལུགས་ཕྱོགས་ཡོངས་ནས་ཁྱབ་གདལ་གཏོང་རྒྱུའི་སྐོར་གྱི་བསམ་འཆར》། 《རིག་གནས་ཁེ་ལས་ཀྱིས་ཡང་དག་པའི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱས་ནས་སྤྱི་ཚོགས་ཀྱི་འགན་འཁྲི་བསྒྲུབ་པའི་སྐོར་གྱི་མཛུབ་སྟོན་བསམ་འཆར》། 《ཁྲོམ་རར་ཞུགས་པའི་ཀུང་ཟི་གྲོང་ཁྱེར་ནས་ཕྱིར་འཐེན་བྱེད་པའི་ལམ་སྲོལ་འཐུས་སྒོ་ཇེ་ཚང་དུ་གཏོང་བའི་ལག་བསྟར་ཇུས་གཞི》བཅས་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་། ཚོགས་འདུའི་ཐོག་ད་དུང་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་ཚོགས་ཚུན་གྱི། སློབ་གསོའི་ཁྱབ་ཁོངས་ཀྱི་ཕྱོགས་བསྡུས་བཅོས་སྒྱུར་འཕེལ་རིམ་གནས་ཚུལ་གྱི་སྙན་ཞུར་གསན།

ལོ་ཙཱ་བ། བན་དེ་སྐྱབས།