ཞི་ཅིན་ཕིང་གིས་གྲོང་གསེབ་ཀྱི་ས་ཞིང་ལམ་ལུགས་བཅོས་སྒྱུར་ལ་སྐུལ་འདེད་བཏང་ནས་གྲོང་གསེབ་ཀྱི་འགན་གཙང་ལེན་ས་ཞིང་གི་དོ་དམ་ལས་དོན་བཟང་བོར་བསྒྲུབ་རྒྱུའི་ཐད་མཛུབ་སྟོན་གལ་ཆེན་གནང་།
2020.11.03 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཉེ་ལམ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་དུས་རབས་གསར་པར་གྲོང་གསེབ་ཀྱི་ཞིང་སའི་ལམ་ལུགས་བཅོས་སྒྱུར་ལ་སྐུལ་འདེད་གཏོང་བ་དང་གྲོང་གསེབ་ཀྱི་འགན་གཙང་ལེན་ས་ཞིང་གི་དོ་དམ་ལས་དོན་བཟང་བོར་བསྒྲུབ་རྒྱུའི་ཐད་མཛུབ་སྟོན་གལ་ཆེན་གནང་ནས་ནན་གྱིས་བསྟན་དོན། གྲོང་གསེབ་ཀྱི་འགན་གཙང་ལེན་བྱས་པའི་ས་ཞིང་གི་བདག་དབང་གཏན་འཁེལ་ཐོ་འགོད་དང་ལག་ཁྱེར་སྤྲོད་པའི་ལས་ཀ་སྤེལ་ནས། ས་ཞིང་འགན་གཙང་ལེན་བྱས་ནས་གཉེར་སྐྱོང་བྱེད་དབང་གི་རྒྱུ་དངོས་བདག་དབང་སྲུང་སྐྱོབ་གཏན་འཁེལ་བྱས་ཏེ། ཞིང་པར་ཕུགས་ཀྱི་ཁེ་བཟང་ཐོབ་ཏུ་འཇུག་པ་དང་། གྲོང་གསེབ་ཀྱི་གཞི་རྩའི་གཉེར་སྐྱོང་ལམ་ལུགས་སྲ་བརྟན་དང་འཐུས་ཚང་དུ་བཏང་ནས། དུས་རབས་གསར་པར་གྲོང་གསེབ་ཀྱི་ས་ཞིང་ལམ་ལུགས་བཅོས་སྒྱུར་བྱེད་པར་སྐུལ་འདེད་གཏོང་དགོས། ཁྲིམས་ལྟར་ཞིང་པའི་ཁེ་དབང་སྲུང་སྐྱོབ་བྱ་རྒྱུ་དེ་ཐོག་མའི་དམིགས་ས་དང་དོན་ལ་འབབ་སར་འཛིན་རྒྱུ་རྒྱུན་འཁྱོངས་དང་། གྲོང་གསེབ་ཀྱི་ས་ཞིང་ཞིང་པ་ཐུན་མོང་ལ་དབང་བའི་ལམ་ལུགས་གཡོ་འགུལ་མེད་པར་རྒྱུན་འཁྱོངས་བྱེད་དགོས། ཁྱིམ་ཚང་གི་འགན་གཙང་གཉེར་སྐྱོང་གི་རྨང་གཞིའི་རང་བཞིན་གྱི་གནས་བབ་ལ་གཡོ་འགུལ་མི་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ཏེ། གྲོང་གསེབ་ཀྱི་འགན་གཙང་ལེན་བྱས་པའི་ས་ཞིང་གི་དབང་ཆ་གཏན་འཁེལ་ཐོ་འགོད་དང་ལག་ཁྱེར་སྤྲོད་པའི་གྲུབ་འབྲས་བེད་སྤྱོད་བྱས་ནས། རེས་སྐོར་གཉིས་པའི་ས་ཞིང་འགན་གཙང་ལེན་བྱེད་པའི་དུས་ཚད་ལོན་རྗེས། སླར་ཡང་ལོ་སུམ་ཅུའི་ཡུན་ལ་ཇེ་རིང་དུ་གཏོང་བའི་ལས་ཀར་སྐུལ་འདེད་བཏང་སྟེ། གྲོང་གསེབ་ཀྱི་ས་ཞིང་འགན་གཙང་ལེན་བྱེད་པའི་འབྲེལ་བ་བརྟན་པོ་ཡོང་བར་བྱེད་རྒྱུ་དང་ཡུན་རིང་མི་འགྱུར་བ་རྒྱུན་འཁྱོངས་བྱེད་དགོས་ཟེར།

ཞི་ཅིན་ཕིང་གིས་བསྟན་དོན། ལག་ལེན་འཕེལ་རྒྱས་ཀྱི་བླང་བྱ་གཞིར་བཟུང་ནས། ཐུན་མོང་གི་དབང་ཆ་དང་ཞིང་ཁྱིམ་གྱི་འགན་གཙང་ལེན་བྱེད་དབང་། ས་ཞིང་གཉེར་སྐྱོང་དབང་ཆ་བཅས་མངོན་འགྱུར་ནུས་ལྡན་བྱེད་པའི་རྣམ་པ་ཕུན་སུམ་ཇེ་ཚོགས་སུ་བཏང་ནས། གྲོང་གསེབ་ཀྱི་ས་ཞིང་ཐོན་ཁུངས་བཀོད་སྒྲིག་ལེགས་སྒྱུར་ལ་སྐུལ་འདེད་གཏོང་དགོས། ཞིང་ལས་གཉེར་སྐྱོང་བྱེད་མཁན་གསར་པ་སྐྱེད་སྲིང་ཧུར་ཐག་བྱས་ནས། ཞིང་ལས་སྤྱི་ཚོགས་ཅན་དུ་འགྱུར་བའི་ཞབས་ཞུའི་རྩ་འཛུགས་འཕེལ་རྒྱས་དང་རྒྱ་སྐྱེད་གཏོང་དགོས། རྒྱ་ཆེའི་ཞིང་ཁྱིམ་ཆུང་གྲས་དེང་རབས་ཞིང་ལས་དང་ཟུང་འབྲེལ་བྱེད་པའི་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་པར་སྐུལ་མ་དང་རྒྱབ་སྐྱོར་བྱས་ཏེ། གྲོང་གསེབ་ཀྱི་གཞི་རྩའི་གཉེར་སྐྱོང་ལམ་ལུགས་ལ་ཐོག་མཐའ་བར་གསུམ་དུ་གསོན་ཤུགས་རྒྱས་པར་བྱེད་དགོས། གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་བར་སྐུལ་སྤེལ་བྱས་ཏེ། ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་དུ་འགྱུར་བར་རྒྱུན་ཆད་མེད་པར་མཐུན་རྐྱེན་བསྐྲུན་དགོས་ཟེར།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་མཆན་བཀོད་མཛུབ་སྟོན་གནང་ནས་བསྟན་དོན། གྲོང་གསེབ་ཀྱི་འགན་གཙང་ལེན་བྱས་པའི་ས་ཞིང་གི་དབང་ཆ་གཏན་འཁེལ་ཐོ་འགོད་དང་ལག་ཁྱེར་སྤྲོད་པ་ནི་གྲོང་གསེབ་ཀྱི་གཞི་རྩའི་གཉེར་སྐྱོང་ལམ་ལུགས་སྲ་བརྟན་དང་འཐུས་ཚང་དུ་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ནས། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་ནན་ཏན་དང་། དབང་ཆ་གཏན་འཁེལ་གྱི་གྲུབ་འབྲས་སྲ་བརྟན་དང་བེད་སྤྱོད་ཡག་པོ་བྱས་ཏེ། གྲོང་གསེབ་ཀྱི་འགན་གཙང་ལེན་བྱས་པའི་ས་ཞིང་གི་བདག་དབང་དང་འགན་གཙང་ལེན་དབང་ཆ། གཉེར་སྐྱོང་དབང་ཆ་བཅས་ལོགས་སུ་དབྱེ་བའི་ལམ་ལུགས་མ་ལག་རྒྱུན་ཆད་མེད་པར་འཐུས་ཚང་དུ་གཏོང་དགོས། སྐོར་ཐེངས་གཉིས་པའི་ས་ཞིང་འགན་གཙང་ལེན་དུས་ཡུན་ལོངས་རྗེས། ཡང་བསྐྱར་ལོ་ངོ་སུམ་ཅུ་ཇེ་རིང་དུ་བཏང་བའི་སྲིད་ཇུས་དོན་འཁྱོལ་ནན་ཏན་བྱས་ཏེ། ཞིང་པ་དུང་ཕྱུར་མང་པོའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་དོན་ལྡན་བྱེད་དགོས། ཁྱིམ་ཚང་གི་གཉེར་སྐྱོང་རྒྱུན་འཁྱོངས་བྱེད་པའི་རྨང་གཞིའི་སྟེང་དུ། རྣམ་པ་སྣ་མང་གི་གཞི་ཁྱོན་འོས་འཚམ་ལྡན་པའི་གཉེར་སྐྱོང་འཕེལ་རྒྱས་སུ་གཏོང་དགོས། འབྲུ་རིགས་དང་ཞིང་ལས་ཐོན་རྫས་གལ་ཆེན་མཁོ་སྤྲོད་འགན་སྲུང་བྱེད་ནུས་ཆེ་རུ་བཏང་ནས། ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་དང་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་གཏོང་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་འདེགས་སྐྱོར་འདོན་སྤྲོད་བྱེད་དགོས་ཟེར།

ལོ་ཙཱ་བ། བན་དེ་སྐྱབས།