ཞི་ཅིན་ཕིང་པེ་ཅིན་ནས་བརྙན་རིས་ཀྱི་རྣམ་པར་བརྟེན་ནས་ཧྲང་ཧེ་མཉམ་ལས་རྩ་འཛུགས་ཁོངས་གཏོགས་རྒྱལ་ཁབ་ཀྱི་འགོ་གཙོའི་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་ཐེངས་ཉི་ཤུ་བར་ཞུགས་པར་མ་ཟད་གསུང་བཤད་གནང་།
2020.11.12 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 407

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཚེས་བཅུ་ཉིན་གྱི་དགོང་མོར་པེ་ཅིན་ནས་བརྙན་རིས་ཀྱི་རྣམ་པར་བརྟེན་ནས་ཧྲང་ཧེ་མཉམ་ལས་རྩ་འཛུགས་ཁོངས་གཏོགས་རྒྱལ་ཁབ་ཀྱི་འགོ་གཙོའི་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་ཐེངས་ཉི་ཤུ་བར་ཞུགས་པར་མ་ཟད་གསུང་བཤད་གནང་།


རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཚེས་བཅུ་ཉིན་གྱི་དགོང་མོར་པེ་ཅིན་ནས་བརྙན་རིས་ཀྱི་རྣམ་པར་བརྟེན་ནས་ཧྲང་ཧེ་མཉམ་ལས་རྩ་འཛུགས་ཁོངས་གཏོགས་རྒྱལ་ཁབ་ཀྱི་འགོ་གཙོའི་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་ཐེངས་ཉི་ཤུ་བར་ཞུགས་པར་མ་ཟད་ཁ་ཡིག་ལ་ཧྲང་ཧེ་སྙིང་སྟོབས་དར་སྤེལ་བྱེད་པ་དང་མཐུན་སྒྲིལ་རོགས་ལས་རྒྱ་བསྐྱེད་ནས་སྔར་ལས་དམ་པོའི་ལས་སྐལ་གཅིག་མཐུན་ཚོགས་པ་གསར་སྐྲུན་བྱེད་དགོས་ཞེས་པའི་གསུང་བཤད་གནང་། ཞི་ཅིན་ཕིང་གིས་བསྟན་དོན། ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱིས་ཧྲང་ཧེ་སྙིང་སྟོབས་དར་སྤེལ་བྱས་ཏེ། རིམས་འགོག་མཉམ་ལས་ལ་ཤུགས་སྣོན་པ་དང་བདེ་འཇགས་བརྟན་འཇགས་སྲུང་སྐྱོབ་བྱེད་པ། དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་སྤེལ་ཞིང་དམངས་སེམས་གཅིག་མཐུན་བྱེད་པར་སྐུལ་འདེད་གཏོང་དགོས་པར་མ་ཟད། ལག་རྡང་སྦྲེལ་ཏེ་འཕྲོད་བསྟེན་བདེ་ཐང་གཅིག་མཐུན་ཚོགས་པ་དང་བདེ་འཇགས་གཅིག་མཐུན་ཚོགས་པ། འཕེལ་རྒྱས་གཅིག་མཐུན་ཚོགས་པ། མི་གཞུང་གཅིག་མཐུན་ཚོགས་པ་གསར་སྐྲུན་བྱས་ནས། མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་གསར་སྐྲུན་བྱེད་པར་སྔར་ལས་མང་པོའི་ལག་ལེན་དང་འཚོལ་ཞིབ་བྱེད་དགོས་ཟེར།

ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱི་རེས་སྐོར་ཀྲུའུ་ཞི་རྒྱལ་ཁབ་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཐེངས་འདིའི་གྲོས་ཚོགས་ལ་འགོ་འཛིན་བྱས། རྒྱ་གར་གྱི་ཙུང་ལི་མོ་ཏིས་དང་ཧ་སག་སི་ཐན་གྱི་ཙུང་ཐུང་ཐོ་ཁ་ཡེ་ཧྥུའུ་སོགས་ཁོངས་གཏོགས་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་གྲོས་ཚོགས་ལ་ཞུགས།

ཞི་ཅིན་ཕིང་གིས་བསྟན་དོན། ཧྲང་ཧེ་མཉམ་ལས་རྩ་འཛུགས་བཙུགས་པའི་ཚུན་ལ། ཕན་ཚུན་ལ་བརྩི་འཇོག་དང་འདྲ་མཉམ་དྲང་བདེན། མཉམ་ལས་མཉམ་རྒྱལ་གྱི་རྣམ་པ་གསར་བའི་རྒྱལ་སྤྱིའི་འབྲེལ་བའི་དཔེ་སྟོན་དུ་གྱུར། པྲོག་གསར་གློ་ཚད་རིམས་ནད་བྱུང་རྗེས། ཕྱོགས་སོ་སོས་དཀའ་སྡུག་མཉམ་སེལ་དང་ཕན་ཚུན་རོགས་རེས་བྱས་ནས། རྩ་འཛུགས་དེའི་བརྟན་འཇགས་འཕེལ་རྒྱས་དང་རྒྱལ་སྤྱིའི་རིམས་འགོག་མཉམ་ལས་ཀྱི་དྲང་ཕྱོགས་ནུས་ཤུགས་ཇེ་ཆེར་བཏང་ཟེར།

ཞི་ཅིན་ཕིང་གིས་བསྟན་དོན། དེང་སྐབས་ཀྱི་གནས་བབ་འོག ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱིས་ཧྲང་ཧེ་སྙིང་སྟོབས་དར་སྤེལ་བྱེད་པ་དང་མཐུན་སྒྲིལ་རོགས་ལས་གཏིང་ཟབ་ཏུ་སྤེལ་ནས། ས་ཁུལ་དང་རྒྱལ་ཁབ་ཀྱི་བརྟན་འཇགས་དང་འཕེལ་རྒྱས་ཐད་ལ་བྱས་རྗེས་ཆེན་པོ་འཇོག་དགོས་པར་མ་ཟད། མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་གསར་སྐྲུན་བྱེད་པར་སྔར་ལས་མང་པོའི་ལག་ལེན་དང་འཚོལ་ཞིབ་བྱེད་དགོས། གཅིག རིམས་འགོག་མཉམ་ལས་ལ་ཤུགས་བསྣན་ནས། འཕྲོད་བསྟེན་བདེ་ཐང་གི་ལས་སྐལ་གཅིག་མཐུན་ཚོགས་པ་གསར་སྐྲུན་བྱེད་དགོས། གཉིས། བདེ་འཇགས་དང་བརྟན་འཇགས་སྲུང་སྐྱོབ་བྱས་ནས་བདེ་འཇགས་ལས་སྐལ་གཅིག་མཐུན་ཚོགས་པ་གསར་སྐྲུན་བྱེད་དགོས། གསུམ། དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས་འཕེལ་རྒྱས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་གསར་སྐྲུན་བྱེད་དགོས། བཞི། དམངས་སེམས་གཅིག་མཐུན་ལ་སྐུལ་འདེད་བཏང་ནས་མི་གཞུང་ལས་སྐལ་གཅིག་མཐུན་ཚོགས་པ་གསར་སྐྲུན་བྱེད་དགོས་ཟེར།

ཞི་ཅིན་ཕིང་གིས་བསྟན་དོན། ང་ཚོས་དོན་དངོས་ཀྱི་འགུལ་སྐྱོད་ལ་བརྟེན་ནས་ཕྱོགས་མང་རིང་ལུགས་ལག་ལེན་བྱེད་པ་དང་། མཉམ་གྲོས་དང་མཉམ་སྐྲུན། མཉམ་སྤྱོད་བཅས་ཀྱི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ། འཛམ་གླིང་བཅོས་སྐྱོང་འཐུས་ཚང་དུ་གཏོང་བ་དང་རྒྱལ་སྤྱིའི་སྒྲིག་ལམ་སྲུང་སྐྱོབ་བྱེད་དགོས། ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱིས་གྲོགས་པོའི་འབྲེལ་བའི་དྲ་རྒྱ་རྒྱ་བསྐྱེད་པ་དང་། རྒྱལ་སྤྱི་དང་ས་གནས་ཀྱི་ལས་དོན་ཁྲོད་དུ་ནུས་པ་ཆེན་པོ་འདོན་དགོས་ཟེར།

ཚོགས་འདུར་ཞུགས་པའི་ཕྱི་རྒྱལ་གྱི་འགོ་ཁྲིད་པས་ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱི་ཁྱབ་ཁོངས་སོ་སོའི་མཉམ་ལས་འཕེལ་རིམ་ལ་གདེང་འཇོག་ཆེན་པོ་གནང་བར་མ་ཟད། དེང་སྐབས་རྒྱལ་སྤྱིའི་གནས་བབ་ཀྱི་མདུན་དུ་འགྲན་རྩོད་སྣ་ཚོགས་དང་འཇིགས་སྐུལ་ཇེ་མང་དུ་འགྲོ་བཞིན་ཡོད་ལ། པྲོག་གསར་གློ་ཚད་རིམས་ནད་ཀྱིས་འཛམ་གླིང་ཡོངས་ཀྱི་ཆབ་སྲིད་དང་དཔལ་འབྱོར། སྤྱི་ཚོགས་བཅས་ཀྱི་ཐད་ལ་ལྡོག་ཕྱོགས་ཀྱི་ཤུགས་རྐྱེན་ཚབས་ཆེན་བཟོས། རྒྱལ་ཁབ་སོ་སོས་མཉམ་ཤུགས་གཅིག་བསྡུས་སྒོས་ཁ་གཏད་འཇལ་ཞིང་མཉམ་དུ་རིམས་ནད་ལ་འགོག་རྒོལ་བྱེད་པ་དང་། རིམས་ནད་ལ་ཁ་གཡར་ནས་རྒྱལ་ཁབ་གཞན་པར་གནོད་སྐྱེལ་བར་ངོ་རྒོལ་བྱེད་པ་ཡིན་ཞེས་བསྟན།

ཚོགས་ཐོག་ནས་ཐ་ཅི་ཁི་སི་ཐན་གྱིས་ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་འཁུར་རྒྱུ་ཐག་བཅད་པར་མ་ཟད། ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་ཀྱི་འགོ་གཙོའི་ལས་འཛིན་ལྷན་ཚོགས་ཀྱི་མོ་སི་ཁོའི་བསྒྲགས་གཏམ་ལ་གྲོས་འཆམ་བྱུང་།

ཏེན་ཞའོ་ཞང་དང་ཡང་ཅེ་ཁྲི། ཝང་དབྱི། ཧི་ལིས་ཧྥིན་སོགས་གྲོས་ཚོགས་ལ་ཞུགས།

ལོ་ཙཱ་བ། བཀྲ་ཤིས་འབུམ།